༄༅༎རླབས་ཆེན་གྱི་མ་ཡུམ་ལས་འཁྲུངས་པའི་རླབས་ཆེན་གྱི་སྐྱེས་བུ།
རྩོམ་པ་པོ། ཁྱབ་གདལ།

དམིགས་མཚན་ཀུན་རྫོབ་སྤྲོས་པའི་སྣང་བ་འཇའ་རིས་དོད་པོ་ཡེ་ནས་དག །
དམིགས་མེད་དོན་དམ་རང་རིག་ཡེ་ཤེས་འོད་ཀྱི་དྲ་བའི་ཀློང་ཡངས་ནས། །
ཐུགས་རྗེ་བྱིན་རླབས་རྡུལ་གྱི་གཟེགས་མ་རེ་འདོད་ཡིད་ཀྱི་ཞིང་ས་རུ། །
འབེབ་མཁས་དཔལ་ལྡན་འགྲོ་བའི་ཉིན་བྱེད་བུ་རམ་ཤིང་པས་དགེ་ལེཊ་ཕོབ། ། ༡
འདི་ནས་ལྷོ་ལམ་ཁྲི་ཕྲག་བརྒལ་བའི་གངས་ཀྱི་རི་བོའི་ཚུལ་འགྲམ་དང་། །
རྨ་ཀླུང་དལ་འབབ་གཡུ་འབྲུག་འཁྱུག་རིས་ལྷོ་ལ་འཐེན་པའི་ཕར་ངོགས་ན། །
བཙན་ཕྱུག་འཕན་གྱི་རེ་ཁ་རྫོཊ་པའི་རྨེ་ཡུལ་གཡང་ལྡན་ཕྱུག་མོ་ཞེས། །
སུམ་རྩེན་ཡུལ་གྱི་བཀོད་པ་རྫོགས་པ་རྫོགས་ལྡན་བསྐལ་བའི་ལང་ཚོ་ཡོད། ། ༢
དེ་རུ་སྨན་ལྗོངས་སྐྱེད་མོས་ཚལ་ཡོད་མི་གཅིག་སྐྱེ་འགྲོའི་ཡིད་ཁམས་གསོ། །
དེ་རུ་རྟ་ནོར་ལུག་གི་གཡང་ཡོད་གངས་ཕྲུག་ཕོ་མོའི་ཁྲག་རྒྱུན་གསོ། །
དེ་རུ་སྐད་དང་ཡི་གེའི་སྲོག་ཡོད་གངས་ཅན་རིག་གཞུང་རྔམ་ཁ་འཐུག །
དེ་རུ་དཔལ་འབྱོར་རིག་གསུམ་མཚོ་མོ་དབྱར་གྱི་ཆུ་གཏེར་འཇིངས་ལ་འགྲན། ། ༣
རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུཊ་ནམ་མཁའ་དག་པའི་དཀྱིལ་འཁོར་ལ། །
ལེགས་པར་ཤར་བ་བརྩེ་བའི་སྒྱུ་འཕྲུལ་མིག་མི་བཙུམ་པ་པད་དཀར་འཆང་། །
གང་གི་ཐུགས་བསྐྱེད་རྟ་བདུན་དབང་པོ་མདོ་ཁམས་ཤར་དུ་འཁྲུངས་པ་ཡིས། །
ཤིང་སྟག་ཅེས་བྱའི་སྟག་གི་ལོ་ལ་ཁྱེའུ་ཆུང་སྤྲུལ་བའི་རྟགས་མཚན་འཕྲོས། ། ༤

འཁྲུངས་ཙམ་ཉིད་ནས་དད་དང་དགེ་བློ་མ་གོམས་ངང་གིས་འཁྲུངས་པ་ཡིས། །
ཕ་མ་ཟུང་གི་བྱམས་དང་བརྩེ་བའི་ཉོར་སྐྱོང་བདག་གིར་མ་བཞེས་པར། །
ཚེ་རབས་ལས་ཀྱི་མེ་ཏོག་དབབ་ས་མཚན་ལྡན་དགེ་བའི་བཤེས་གཉེན་དེའི། །
མདུན་དུ་བཅར་ནས་སྐད་ཅིག་ཙམ་ཡང་འབྲལ་མི་འདོད་པ་ཁྱེད་ཀྱི་གཤིས། ། ༥
བྱིས་པ་ཡིན་ཡང་བྱིས་པ་གཞན་དང་བསམ་པའི་འཆར་སྒོ་གཅིག་པ་མིན། །
རྩེད་མོ་ཡིན་ཡང་བྱིས་པ་གཞན་དང་རྩེད་མོའི་ཟློས་གར་འདྲ་མ་ཡིན། །
ཆུང་ནས་དར་མའི་ན་ཚོད་འགྱུར་ཏེ་སྐུ་ཚེ་ཉི་མའི་ཕྱེད་ཙམ་ན། །
གང་གི་ཐུགས་བསྐྱེད་མཛད་པའི་རླབས་ཕྲེང་ཁ་བ་ཅན་དུ་ལྷག་པར་བྲིན། ། ༦
སྐལ་བ་བཟང་པོའི་གདུལ་བྱའི་ཚོགས་ཀྱི་ཁམས་དབང་མོས་པའི་ཞིང་གི་སར། །
ཐུགས་བསྐྱེད་སྨོན་ལམ་ས་བོན་གྲུང་པོ་སྲིད་ཞིའི་སྐྱོན་གྱིས་མ་བསླད་པར། །
བྱམས་དང་བརྩེ་བའི་གྲུ་ཆར་སིལ་མ་བསིལ་ལྡན་ལྗོངས་སུ་བབས་པ་ཡིས། །
ཁྱེད་དང་ང་ཡི་ཕ་མ་ཟུང་གིས་འདི་དང་ཕྱི་མའི་འབྲས་བཟང་མྱངས། ། ༧
བཀའ་པོད་གཞུང་བརྒྱའི་གླེཊ་བམ་སྣུམ་པོ་ཉིན་ཞག་བསྟུད་མར་སྦྱངས་སྦྱངས་ནས། །
འཆད་དང་རྩོད་དང་རྩོམ་པའི་བྱ་བས་ཉིན་ཞག་དུམ་བུར་གཏུབས་པ་ཡིས། །
མཁས་དང་མཁས་པའི་གོ་འཕང་སྙེག་པའི་ཆེན་པོའི་ཆོ་ལོ་མ་བཙལ་བར། །
གཅིག་ཤེས་ཀུན་གྲོལ་ཟབ་བརྒྱའི་གནད་འདུས་རྫོཊ་ཆེན་ལྟ་བའི་རང་ས་འཚོལ། ། ༨

དད་འདུན་གྱིས་བསྐྲུན་པའི་སྐར་ཚོགས་ཀྱི་ཚོམ་བུ
ལུང་དང་རྟོགས་པའི་གཤོག་པ་ཟུང་གིས་ཐུ༵བ་བསྟ༵ན་གངས་ཅན་ལྗོངས་སུ་སྤུར། །
ལུང་དང་རིགས་པའི་དཔྱད་སྒོམ་ཟུང་གིས་བསྟ༵ན་པ་འཛི༵ན་སྐྱོང་སྤེལ་བ་ཡི། །
སྙ༵ན་པའི་གྲ༵གས་པ་ཤར་དང་ནུབ་ཀྱི་རྒྱ་མཚོའི་མཐའ་རུ་གྲགས་པ་ཅན། །
གང་གི་མཛད་པའི་བྱིན་རླབས་གཏོར་སར་ཁ་བ་ཅན་ཡང་སྣོད་དུ་ཆུང་། ། ༩
བྱམས་བརྩེའི་དཀྱིལ་འཁོར་ཟླ་བ་དཀར་པོ་ཆགས་སྡང་ཚ་བའི་གཤེད་དུ་བསྔགས། །
རྒྱལ་ཀུན་མཛད་པའི་ཕྲིན་ལས་གཅིག་བསྡུས་འགྲོ་བ་འདུལ་བའི་ཐབས་མཁས་ཅན། །
ཁྱེད་སྐུའི་ཐུགས་བསྐྱེད་སྨོན་ལམ་ལས་འཁྲུངས་གངས་ལྗོངས་མ་ཎི་སྨོན་ལམ་ཞེས། །
གངས་ཅན་ཆོས་དང་རིག་གཞུང་རྔམ་ཁ་ལྷོ་གླིང་འཛིན་མར་ལྷག་པར་སྤེལ། ། ༡༠
བསོད་ནམས་བྱེ་བའི་ཆུ་གཏེར་ལས་འཁྲུངས་གང་གི་ཐུགས་བསྐྱེད་གངྒའི་རྒྱུན། །
ཆུ་བཞི་སྒང་དྲུག་ཡོངས་སུ་བརྒྱུད་དེ་ཁ་བ་ཅན་དུ་འཇོ་བ་ན། །
རྨོངས་དད་མུན་པའི་བག་ཆགས་དོང་སྤྲུགས་འགྲོ་བློའི་ཡིད་ཁམས་གསོས་པ་ཡིས། །
ཆོས་སྲིད་ལུགས་གཉིས་མ་ཉམས་གོང་འཕེལ་ཡར་ངོའི་ཟླ་བའི་འགྲོས་ལ་འགྲན། ། ༡༡
རྫོགས་ཆེན་ལྟ་བའི་རང་མལ་མཇལ་བས་ཀློང་ཆེན་རབ་འབྱམས་དངོས་མ་ཞིག །
ཆོས་མཛད་དཀའ་སྤྱད་རྡོ་ལས་སྲ་བས་བཞད་པའི་རྡོ་རྗེ་དངོས་མ་ཞིག །
སྙིང་པོའི་ལྷ་ཆོས་སེམས་ཀྱིས་ཚུགས་པས་དཔལ་སྤྲུལ་སེམས་དཔའ་དངོས་མ་ཞིག །
ལྔ་མདོའི་སྙིགས་མའི་སྨག་རུམ་སྟུག་པོར་ཁྱེད་ཉིད་ཞི་བའི་སྟོན་པ་ཡིན། ། ༡༢
སྣ་ཚོགས་དུག་འདྲའི་འདུ་ཤེས་ཚོར་བས་དམངས་སེམས་ཀུན་ནས་དཀྲུགས་པ་དང་། །
སྣ་ཚོགས་ལྟ་དང་ལྟ་མིན་གྱིས་བསླངས་རྒྱུ་འབྲས་གོ་ལྡོག་བདུད་ཀྱི་ཚིག །
སྣ་ཚོགས་ཆོས་དང་ཆོས་མིན་གྲུབ་མཐས་ནང་དབྱེན་འཁྲུག་སྦྱོར་སློང་པའི་དུས། །
ཁྱེད་ཐུགས་རྣམ་དཔྱོད་ཟླ་བ་དཀར་པོ་སུ་དང་གང་གིས་སྒུལ་དུ་མེད། ། ༡༣
༡༨/༩/༢༠༢༣ཉིན་བྲིས།