མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

ཁ་བ་དང་འབྲེལ་བའི་སྐྱོ་སྣང་།

338
发表时间:2023-11-23 08:00作者:འབའ་རྫོང་།  ཨོའུ་ཟོམ།

《སྒྲུང་ཐུང་།》

ཁ་བ་དང་འབྲེལ་བའི་སྐྱོ་སྣང་།

འབའ་རྫོང་།   ཨོའུ་ཟོམ།

1.

  དེ་རིང་བབས་པའི་ཁ་བའི་མཐུག་སྲབ་ལ་བལྟས་ན་སང་ལོ་དཔྱིད་སླེབས་པ་སྔ་རྒྱུ་རེད་ཟེར། ངས་བོད་ལྭ་དེ་གཡང་ཤམ་གྱིས་གྱོན་བཞིན་ཨ་མའི་བཤད་པའི་སྐད་ཆ་དེར་དོ་སྣང་ཅི་ཡང་མ་བྱས་པར་སྒོར་བུད།   ཨ་མས་ཁ་མུར་མུར་གྱིས་འབྲུ་མི་གསལ་བའི་མ་ཎི་དེ་སྔར་འཁྱུད་བཞིན་བཏོན།   དོན་དངོས་སྟེང་ང་རང་ཁ་བ་ལ་ཡེ་ནས་མི་དགའ།   ངའི་གྲོགས་པོ་དག་གི་ཁྲོད་ན་ཁ་བར་དགའ་མཁན་མང་པོ་ཞིག་ཡོད་ལ།   ནམ་རྒྱུན་ཁོ་ཚོས་ཁ་བ་དང་འབྲེལ་བའི་གཏམ་རྒྱུད་གང་མང་ཞིག་བཤད།   ཐ་ན་ཁོ་ཚོས་བཏང་བའི་གླུ་གཞས་ཀྱང་ཁ་བ་དང་འབྲེལ་བའི་གླུ་གཞས་ཡིན།   ངས་རང་ཉིད་ཁ་བ་ལ་མི་དགའ་བའི་རྒྱུ་མཚན་རིག་འདེད་བྱས་ནས་བཙལ་འཚོལ་བྱེད་མི་འདོད་ལ།   རྣམ་ཀུན་ཏུ་ཁ་བ་ཞེས་པའི་ཚིག་འབྲུ་འདི་གཉིས་གོ་ཐོས་མེད་ན་བསམ།   འོན་ཀྱང་དེ་ལས་ལྡོག་སྟེ་ལོ་རེ་བཞིན་ཁ་བ་དང་འབྲེལ་བའི་ཚིག་འབྲུ་ཇེ་མང་དུ་གྱུར་ལ།   ཐ་ན་རང་གི་བུ་མོའི་མིང་ལའང་“ཁ་བ་ལྷ་མོ་ཟེར”   ང་རང་གཞི་ནས་འུ་ཐུག་ཐབས་ཟད་དུ་གྱུར།   ངས་སེམས་ཀྱི་སྡུག་བསྔལ་འདི་སུ་ལ་བཤད་ཀྱང་ཁོས་སྐད་ཆ་འདི་ནི་སྙིང་བོ་མེད་པའི་འཆལ་གཏམ་ཁོ་ན་རེད་ཟེར།   ཨ་མས་ཀྱང་ཁྱོད་མི་ཁོག་རྒྱ་མེད་པ་ཞིག་རེད་དོན་གྱིས་རང་སེམས་གུ་ཡངས་མ་བྱས་པའི་མཇུག་འབྲས་རེད་ཟེར།   ངའི་ནང་སེམས་ཀྱི་སྡུག་བསྔལ་ཤེས་མཁན་དག་གིས་ང་ལ་སྡིགས་མོ་གང་མང་བྱེད།   ངས་དེ་ཡེ་ནས་མི་བསམ།   འཇིག་རྟེན་འདིར་ངའི་སེམས་ཀྱི་སྡུག་བསྔལ་ཤེས་མཁན་གཅིག་ཀྱང་མེད་པ་འདྲ།   ང་འདི་ལྟར་གསོན་པ་ལས་ཤི་ན་དགའ་བསམ་སྟེ་ཐེངས་གང་མང་ལ་རང་སྲོག་གཅོད་འདོད་ཀྱང་ལོ་དེའི་ང་རང་བཞིན་ང་སྔར་ལྟར་སྐྲག་ཤོར་སྡར་མ་ཞིག་རེད།

  2.

ལུང་པའི་ཕུ་ན་རྫ་མཐོན་པོ་ཞིག་ཀྲོང་ངེར་འགྲེང་ཡོད།   རྫ་གསེབ་ནས་བཞུར་བའི་རྫ་ཆུ་བསིལ་མའི་ཤག་སྒྲ་ལ་ཆད་པ་མེད།   ལུང་པའི་ཕུ་ཇེ་དོག་ཏུ་ཕྱིན་ཀྱང་ལུང་པའི་མདའ་ནི་བྱ་རྒོད་ཀྱི་གཤོག་པ་ཇི་བཞིན་བརྐྱངས་ཡོད། ལུང་མདོ་ན་ཕུབ་པའི་སྦྲ་ནག་དག་ལ་འཐོར་ལུང་འཐོར་དུ་གྱུར་ཡོད་།   སྒོ་དར་རླུང་གིས་བསྐྱོད་པའི་ཚུལ་ནི་མཛེས་ཤིང་ཡི་གར་འོང་བ་ཞིག་རེད།   ངེད་ཅག་གི་སྡེ་བ་ད་ལོ་ཡང་མདའ་དཔོན་སྤུན་མཆེད་ཀྱི་མནའ་བཅད་སའི་རི་བོའི་གཤམ་དུ་དབྱར་ས་སྤར་ཡོད།   དབྱར་སར་སྤར་བ་ནི་ངེད་ཅག་གི་སྡེ་བར་མཚོན་ན་ལོ་གཅིག་གི་ཆེས་སྐྱིད་པའི་དུས་ཡིན།   གྲོགས་པོ་བསམ་འགྲུབ་ཚང་གི་རུ་ངེད་ཚང་དང་རྒྱང་ཐག་མི་རིང་བའི་ས་རུ་ཡོད།   ནམ་རྒྱུན་ངེད་ཅག་གིས་ཁ་ཆད་བཞག་སྟེ་མདའ་དཔོན་སྤུན་མཆེད་ཀྱིས་མནའ་བཅད་སའི་གདོང་ཁ་དེར་མཉམ་འཛོམས་བྱས་ནས་རང་རང་གིས་ཁྱེར་ཡོང་བའི་བྲོ་ཁ་མཉམ་བཟའ་བྱས་པ་ཡིན།   ཉིན་འདི་ཀར་བསམ་འགྲུབ་མཐོང་མ་སོང་།   ཨ་ཕས་བཤད་ན་བསམ་འགྲུབ་སྡེ་བ་དང་རྒྱང་ཐག་རིང་བའི་ཞང་ནང་དུ་སློབ་གྲྭར་བུད་སོང་ཟེར།   སྐད་ཆ་དེ་ཐོས་འཕྲད་ངའི་སེམས་སྐྱོ་སྣང་ཞིག་གིས་འཁྱག་སིབ་སིབ་ཏུ་བྱས།   ངེད་ཅག་སྡེ་བའི་ནང་དུ་ང་ལ་ཆེས་སྙིང་ཉེ་བའི་གྲོགས་པོ་ཞིག་ཡོད་པ་ནི་བསམ་འགྲུབ་ཡིན།   དྲང་མོར་བཤད་ན་ཁོ་ང་ལས་ལོ་གཅིག་གི་ཆུང་ཡང་ཁོའི་གཟུགས་ཀྱི་རིང་ཚད་དང་ལུས་སྟོབས་ང་ལས་ལྷག   ངེད་ཅག་རྩེད་གྲོགས་ཚོས་བསམ་འགྲུབ་ང་ལས་ཆེ་བར་སྙམ་ཡོད།   ངེད་གཉིས་ཀྱིས་ཀྱང་གསང་བ་དེ་སུ་ལའང་བཤད་མྱོང་མེད།   བསམ་འགྲུབ་སློབ་གྲྭར་སོང་བའི་རྗེས་དེ་ནས་བཟུང་། རྩེད་གྲོགས་ཚོས་ང་ལ་བརྙས་བཅོས་དང་དམའ་འབབ་མང་ཙམ་བྱེད། ང་ཆུང་དུས་ནས་བཟུང་མི་ནུས་མེད་ཅིག་ཡིན།   ཨ་ཕས་བཤད་ན་ངེད་ཚང་གི་མི་རྒྱུད་ལ་བུ་གཅིག་རེ་མ་གཏོགས་ཡོད་མྱོང་མེད་ལ་དེ་དག་ནི་ཕོ་རྒོད་ཏག་ཏག་ཡིན་ཟེར།   ཨ་ཕ་ཡང་སྡེ་བའི་ནང་གི་ཕོ་རྒོད་ཅིག་ཏུ་བརྩི་སྲོལ་ཡོད།   ང་ཨ་ཕ་དང་ཨ་མྱེས་སོགས་མི་རབས་གོང་མ་དེ་དག་དང་མི་འདྲ་བར་སྐྲག་ཤོར་ཞིག་ཡིན།   རྩེད་གྲོགས་དག་གིས་བརྙས་བཅོས་བྱས་ཐེངས་རེར་བསམ་འགྲུབ་ཀྱིས་ངའི་ཚབ་ཏུ་འཐབ་འཛིང་གང་མང་བྱས་མྱོང་།   ད་ནི་བསམ་འགྲུབ་སློབ་གྲྭར་བུད་སོང་ང་རང་ཁེར་རྐྱང་དུ་གྱུར།   ངས་མདའ་དཔོན་སྤུན་མཆེད་ཀྱིས་མནའ་བཅད་སའི་གདོང་ཁ་དེར་ཕྱུག་ཟོག་འཚོ་བཞིན་རྒྱང་རིང་གི་བསམ་འགྲུབ་ཡོད་སའི་ཕྱོགས་སུ་བལྟས་པ་ཡིན།   མཐོང་ཡངས་བའི་ནམ་མཁའི་དངོས་སུ་བྱ་རྒོད་གཉིས་ཀྱིས་གཤོག་པ་རྐྱོང་བཞིན་རྒྱང་རིང་གི་གནམ་སའི་ཕྱོགས་སུ་འཕུར།   དཔུང་བ་མཉམ་གཤིབ་ཀྱིས་རྒྱང་རིང་གི་ཕྱོགས་སུ་འཕུར་བའི་རྣམ་པ་དེ་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་འང་།   དོན་དངོས་སྟེང་བསམ་འགྲུབ་ནི་ང་དང་དཔུང་བ་མཉམ་གཤིབ་ཀྱི་བློས་ཐུབ་གྲོགས་པོ་ཡིན་པས།   ནམ་ཞིག་གི་ཚེ་ང་ཡང་བསམ་འགྲུབ་དང་འགྲོགས་ནས་རྒྱང་ཐག་རིང་བའི་སློབ་གྲྭར་ཕྱིན་ན་ཅི་འདྲ་སྐྱིད་ཨང་སྙམ།   ཡིན་ཡང་ཨ་ཕའི་སེམས་སུ་ང་ནི་ཁྱིམ་གྱི་ཤུལ་འཛིན་གཅིག་པུ་ཡིན་པས་སློབ་གྲྭར་བསྐྱལ་བའི་སེམས་འདུན་མེད་ལ།   སློབ་གྲྭའི་དགེ་རྒན་ཚོའི་ཁ་གཅོད་ཆེད་དུ་ཨ་ཕས་སྔ་མོ་ནས་ལུག་ཡར་བུ་འདྲ་ཞིག་ངས་ཚབ་ཏུ་བྱིན་སོང་བས་དགེ་རྒན་ཚོའི་ཡིད་ཀྱང་དེ་ཡིས་ཚིམ་ཡོད་པ་འདྲ། ངས་མདའ་དཔོན་སྤུན་མཆེད་གྱི་མནའ་བཅད་སའི་གདོང་ཁ་དེར་ཁེར་རྐྱང་དང་སུན་སྣང་གིས་ཉིན་གྲངས་མང་བོ་ཞིག་རང་ཁོ་ནས་བསྐྱལ་བ་ཡིན།   ཨ་མྱེས་ཀྱི་ངག་ལས་གཏམ་རྒྱུད་མང་བོ་ཞིག་ཐོས་མྱོང་།   ཨ་མྱེས་ནི་བློ་སྤོབས་ལྡན་ཞིང་ཁོག་ཡངས་དཀྱེལ་ཆེ་ཞིག་ཡིན་པས།   སྡེ་མི་དག་གིས་ཀྱང་ཨ་མྱེས་ལ་དོན་དག་འདྲ་མིན་བློ་འདྲི་སྣ་ཚོགས་བྱེད།   ཨ་མྱེས་ནི་དཔའ་རྒོད་ལ་དགའ་ཞིང་ནམ་ཡིན་ཡང་གེ་སེར་སྒྲུང་བཤད་རྒྱུར་དགའ།   རྒྱ་ཚ་འདྲ་བའི་མི་བློ་སྤོབས་ཅན་ཞིག་བྱེད་དགོས་པ་ལས། ཁྲོ་ཐུང་ལྟ་བུའི་མི་ཆོ་མེད་ཅིག་གཏན་ནས་བྱེད་མི་ཉན་ཞེས་ཁ་ཏ་སློབ་གསོ་གཏོང་།   སྡེ་བའི་རྒྱབ་ན་ཀྲོང་ངེར་འགྲེང་བའི་མདའ་དཔོན་སྤུན་མཆེད་ཀྱི་གཏམ་རྒྱུད་ཀྱང་ཨ་མྱེས་ཀྱི་ངག་ལས་ཐོས་པ་ཡིན།   ཨ་མྱེས་ཀྱིས་བཤད་ན།   མདའ་དཔོན་སྤུན་མཆེད་གཉིས་ཀྱི་མི་རབས་གོང་མ་ནི་གླིང་གི་དཔའ་རྟུལ་ཞིག་ཡིན་རབས་ཟེར།   ཁོ་གཉིས་ཕ་མ་གཅིག་ལས་སྐྱེས་པའི་སྤུན་མཆེད་མིན་ཡང་། ངེད་ཅག་གི་ས་འདི་བཅད་བཟུང་བྱེད་སྐབས་ཁོ་གཉིས་སྤུན་མཆེད་དུ་གྱུར།   གདོང་ཁ་འདི་ནི་ཁོ་གཉིས་ཀྱིས་མནའ་ཐེངས་གསུམ་ལ་བཅད་སའི་གནས་ཡིན་ཞིང་། ཁོ་གཉིས་ཕྱི་དགྲ་ལ་ཐུག་ན་རྒྱ་སྟག་ངར་མ་འདྲ།   ནང་གཉེན་གྲོགས་ལ་འཇམ་པོ་བལ་འདྲ་བ་ཞིག་ཡིན། ནམ་རྒྱུན་ཤི་གསོན་མཉམ་གནས་ཀྱི་སྤུན་མཆེད་དུ་གྱུར།   ཉིན་ཞིག་བློ་སྣ་ཐུང་བའི་མི་ངན་ཞིག་གིས་དམག་མང་པོ་ཁྲིད་ནས་ས་འདི་འཕྲོག་རྩིས་བྱས་པས་སྤུན་ཆུང་དགྲ་ཇག་དེའི་ལག་ཏུ་ཚུད། སྤུན་ཆེན་པོ་ར་མདར་བརྒྱུགས་ནས་རྗེས་ཟིན་བྱུང་ཡང་བློ་སྣ་ཐུང་བའི་མི་ངན་དེས་སྤུན་ཆེན་པོ་ལ་སྤུན་ཆུང་གི་ཚབ་ཏུ་སྲོག་མི་འདོར་ན་སྤུན་ཆུང་གསོད་རྒྱུ་ཡིན་ཞེས་བཤད། དེ་ནས་སྤུན་ཆེན་པོའི་རང་སྲོག་བཅད་ཀྱང་། མི་ངན་དེས་སྤུན་ཆུང་ཡང་བསད། ཕྱིས་སུ་སྡེ་བའི་རྒྱབ་ན་ཀྲོང་ངེར་འགྲེང་བའི་རི་བོ་འདིའི་གནས་བདག་ཏུ་གྱུར་ཟེར།   ཨ་མྱེས་ཀྱིས་ནམ་རྒྱུན་གཏམ་རྒྱུད་འདི་བཤད་ཐེངས་རེར་ཁོང་གིས་མདའ་དཔོན་སྤུན་མཆེད་གཉིས་ཀྱི་རི་རྩེ་ལྟ་ཞོར་རི་རྩེར་སྨུག་པ་དཀྲིས་པའི་ཉིན་དེ་ནི་མདའ་དཔོན་སྤུན་མཆེད་གཉིས་ཀྱིས་མནའ་གཅོད་པའི་ཉིན་ཡིན་ཟེར།   དེ་རིང་ཕྱི་དྲོ་ཡང་མཐོང་ཡངས་བའི་ནམ་མཁའ་ལེབ་མོ་འདིར་གར་ཐོན་མི་ཤེས་པའི་སྤྲིན་གྱི་ཡོལ་བ་དཔྱིངས།   མདའ་དཔོན་སྤུན་མཆེད་ཀྱི་རི་རྩེ་ཡང་སྨུག་པ་ཟ་ཟི་ཞིག་གིས་ཡོངས་སུ་དཀྲིས།   དེ་མ་ཐག་འབྲུག་སྒྲ་ལྡི་རི་རི་གྲགས་ཤིང་།   ཆར་ཐིགས་ཉུང་ཙམ་ཉུང་ཙམ་བྱས་ཏེ་མཐར་ཆར་བའི་རྒྱུན་ལ་ཆད་པ་མེད་པས།   ང་ཡི་ལྭ་བའི་ཕྱི་ནང་ཡོངས་སུ་བརླན།   རི་བོ་ངོས་སུ་ཕྲ་བཞག་པ་འདྲ་བའི་ཕྱུག་ཟོག་དག་ལ་ཀི་རྒྱང་རེ་འགའ་བྱས་ནས་ང་རང་ཡུལ་དུ་འགྲོ་རྩིས་བྱས།   སྒྱིད་ལུག་པའི་བེའུ་རེ་འགའ་མ་སོང་བས་ང་ལ་ཁོང་ཁྲོ་མེ་ལྟར་འབར།   འུ་ཐུག་ནས་འུར་རྡོ་རེ་འགའ་འཕངས་པས་ག་ལེ་ག་ལེར་རྗེས་སུ་སླེབས།   ཨ་ཕས་རྟ་རྒན་ཁྲིད་ནས་སྔོན་དུ་སླེབས་བྱུང་།   ཁྱིམ་དུ་ཐོན་ནས་ཨ་མྱེས་ཀྱི་པག་རྩག་གྱོན་ཞིང་གོ་ཁར་བསྡད་དེ་དགོང་ཇར་རོལ།

3.

ཉིན་ཁ་ཤས་སོང་རྗེས་བསམ་འགྲུབ་སླེབས།   ངེད་གཉིས་འཕྲད་ས་དེ་སྔར་བཞིན་གདོང་ཁ་དེ་ཡིན།   ཁོས་ལག་ཏུ་དཔེ་དེབ་ཁ་ཤས་བཟུང་ནས་ཐོན།   སློབ་གྲྭའི་སྐོར་གྱི་མཐོང་ཐོས་སྐོར་ནས་མང་པོ་ཞིག་ལབ་སོང་།   ང་ནི་མཚར་སྣང་གིས་བཟི།   དེ་ནི་ང་ལ་མཚོན་ན་འཇིག་རྟེན་གཞན་ཞིག་དང་གཉིས་སུ་མེད།   ཉིན་འདི་ཀར་ངས་གྲོགས་བསམ་འགྲུབ་ཀྱི་གམ་ནས་བོད་ཀྱི་དབྱངས་གསལ་སྦྱངས་བ་ཡིན། “ཀ་ནས་ཨའི་”བར་གྱི་ཡིག་འབྲུ་འདི་དག་ང་ལ་མཚོན་ན་སྔོན་ནས་འདྲིས་ཆ་ཡོད་པ་འདྲ།   ངའི་སྙིང་རྗེ་ཞིང་ཡིད་དུ་འོང་བའི་གཟུགས་རིས་དེ་དག་མཐོང་མྱོང་མེད་ཀྱང་།   འདི་ལྟར་ངག་སྐྱོར་གཏོང་དུས་ང་ཁོ་ཚོ་དང་འདྲིས་ཆ་ཆེན་པོ་ཞིག་ཡོད་པའི་སྣང་བ་འགོག་མེད་ངང་སྐྱེས། “ཨ་ཕ་“ཨ་མ་”ཞེས་པའི་ཚིག་འབྲུ་འདི་དག་ནི་ང་ལ་མཚོན་ན་གོམ་འདྲིས་ཆེན་པོ་སོང་ཡོད།   ཉིན་འདི་ཀར་ང་ལ་མཚོན་ན་དུས་ཚོད་ཐུང་ཐུང་ཞིག་གི་སྣང་བ་བྱིན།   རིམ་བཞིན་བསམ་འགྲུབ་ཀྱང་སློབ་གྲྭར་འགྲོ་བའི་དུས་སུ་སླེབས།   ངའི་སེམས་སུ་ད་ཐེངས་ངེས་པར་དུ་ཁོ་དང་འགྲོགས་ནས་སློབ་གྲྭར་འགྲོ་དགོས་སྙམ།   ཕྱི་དྲོ་ཨ་ཕའི་གམ་དུ་བསྡད་དེ་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་བཤད།   ཨ་ཕས་བཤད་རྒྱུར་“འུ་ཚང་གི་མི་རབས་དུ་མའི་རིང་ལ་ཕོ་རྒོད་པོ་སྡང་དགྲ་ལ་འཐབ་མཁན་མ་གཏོགས།   ལག་སྨྱུ་གུ་ཐོགས་པའི་ཡོན་ཏན་པ་མེད།   ཁྱིམ་དུ་བསྡད་ནས་ཕ་ཤུལ་བུ་ཡིས་འཛིན་དགོས་ཟེར།”   ངས་ཁོར་ཞུ་བ་མང་དུ་ཞུས་ཀྱང་ཁོའི་རྣ་བ་ང་ལ་མི་གཡར་བར་འདུག   ངས་ཨ་མར་ཞུ་བ་ཞུས་པ་ཡིན། “ཨ་མས་བུ་ཆུང་སློབ་གྲྭར་ཕྱིན་བསམ་ན་སློབ་གྲྭར་འགྲོ་རུ་ཆུགས་ཟེར།”འོན་ཀྱང་ཨ་ཕའི་ཨུ་ཚུགས་ཀྱི་མགོ་བོ་སུ་ཡིས་གནོན་ཐུབ།   ཕྱི་ཉིན་ཨ་མས་ལྐོགས་ཏུ་ང་དང་བསམ་འགྲུབ་ལམ་ལ་ཕུད་པ་ཡིན།   ཉིན་དེར་ངས་རས་ཁུག་དེ་རྒྱབ་ཏུ་ཁུར་ནས་སོང་།   ཨ་མས་བསམ་འགྲུབ་ངེད་གཉིས་མིག་རྒྱང་ཙམ་གྱི་བར་དུ་སྐྱེལ་མ་བྱས།   ངེད་གཉིས་ཀྱིས་ལུང་མདོའི་འཕྲེད་ལམ་བཅད་ནས་ས་ལམ་རིང་པོ་དེར་ཞུགས་ནས་མདུན་དུ་སོང་།   འདི་ནི་ནར་མ་སོན་པའི་བྱ་ཕྲུག་གཉིས་འཕུར་མགོ་བརྩམས་པ་དང་མཚུངས།   ཁ་ཕྱིར་འཁོར་ནས་ལྟ་དུས་ཀྲོང་ངེར་འགྲེང་བའི་མདའ་དཔོན་སྤུན་མཆེད་ཀྱིས་ངེད་གཉིས་མིག་སྐྱེལ་བྱེད་པ་འདྲ།   ཨ་མས་དཔྲལ་བར་ལག་པ་བཞག་ནས་ངེད་གཉིས་རྗེས་སུ་ལྟ་བཞིན་འདུག   ངེད་གཉིས་ཀྱིས་གོམ་མཚམས་མ་བཞག་པར་མདུན་ནས་མདུན་དུ་སོང་བས།   ཨ་མའི་གཟུགས་བརྙན་ནི་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ནས་མཐར་ནག་ཐིག་ཙམ་དུ་གྱུར་ནས་ཨ་མ་མི་སྣང་བར་གྱུར།   གྲོང་ངེར་འགྲེང་བའི་མདའ་དཔོན་སྤུན་མཆེད་རི་བོ་དེ་ཡང་མོག་མོག་ཏུ་གྱུར།   དེ་ལྟར་ངེད་གཉིས་ཉིན་ཕྱེད་ཙམ་ལ་སོང་མཐར།   གཞི་ནས་སློབ་གྲྭའི་སྒོ་འགྲམ་དུ་སླེབས་བྱུང་།   སློབ་གྲྭ་ནི་ངའི་བསམ་པའི་འཇིག་རྟེན་ལས་ཀྱང་ཆེན་པོ་འདུག   སློབ་གྲྭའི་ལྕགས་རིའི་རྒྱ་ཁྱོན་ནི་མིག་འོག་ཏུ་མི་ཚུད་པ་ཞིག་རེད།   ད་དུང་ཁང་པའི་གྲལ་དག་ལ་རྒྱ་ཕིབས་ནི་ཨ་ཕའི་རྟ་སྒ་དང་འདྲ་བར་དཀྱིལ་དབུས་འབུར་བའི་ངོས་མི་སྙོམ་པ་ཞིག་རེད།   ཉིན་དེར་བྱིས་པ་གང་མང་ཞིག་སྐོར་ཚོམ་སྐོར་ཚོམ་བྱས་ཏེ་ལག་རྡང་སྦྲེལ་ནས་ཐོན་སོང་།   ངའི་སེམས་པར་རྩེད་གྲོགས་འདི་འདྲ་མང་པོ་ཞིག་གང་ནས་འོང་བ་ཡིན་བསམ།   ད་དུང་ཆེས་ཡ་མཚན་པའི་དངོས་པོ་ནི་སློབ་གྲྭའི་དཀྱིལ་དབུས་སུ་སྒྲེང་བའི་དར་དམར་དེ་རེད།   རླུང་བུ་འཇམ་པོ་ཞིག་ལྡང་དུས་གཡོབ་ཙམ་བྱེད། སྟེང་དུ་སྐར་ཆེན་ཞིག་ལ་སྐར་མ་བཞིའི་བསྐོར་ནས་ཡོད།   ངས་བསམ་འགྲུབ་ལ་འདི་ཅི་ཞིག་ཡིན་པ་རེད་ཅེས་དྲིས།   ཁོས་“རྒྱལ་དར་རེད་ང་ཚོ་ཞོགས་པར་འདིའི་གམ་དུ་འགྲེངས་ཏེ་རྒྱལ་གླུ་ལེན་དགོས་པ་རེད་ཟེར་། ” ང་རང་འདི་ལྟར་སྔོན་ཆད་རིག་མྱོང་མེད་པའི་དངོས་པོ་དག་གིས་མཚར་དུ་བཅུག་ནས་ཧད་པར་བྱས།   དེ་དུས་བསམ་འགྲུབ་ཀྱིས་ངའི་མགོ་ལ་ལག་པས་རྡེབ་ཙམ་བྱས་ནས་“བེ་” “མྱུར་མོར་མིང་ཐོ་དགོད་དུ་འགྲོ་ཟེར།”ཁང་ཤར་ཕྱི་མར་སོང་།   ཁང་མིག་ཅིག་གི་སྒོ་འགྲམ་ནས་བསྡད་དེ།   བསམ་འགྲུབ་ཀྱིས་“ཡར་ཞུ་ཟེར”ནང་ནས་སྐྱེས་པ་དར་མ་ཞིག་གིས་“ནང་དུ་ཤོག་ཟེར།”ངེད་གཉིས་ཀྱིས་དལ་བར་སྒོ་མོ་ཕྱེས་ཏེ་ནང་དུ་སོང་།   སྐྲ་ལོ་ཕྱོགས་གཉིས་སུ་སོ་སོར་བཀར་ཞིང་།   གདོང་མདོག་དཀར་ལ་མིག་ཤེལ་དཀར་པོ་འདབ་ར་ཟངས་མདོག་ཅན་ཞིག་གྱོན།   སྟོད་ལྭར་རྒྱ་གོས་ནག་པོ་ཞིག་གྱོན་ཏེ་ངའི་གཟུགས་ལས་ཀྱང་རིང་བའི་ཅོག་ཙེ་ཞིག་ཏུ་འབྲི་དེབ་མང་པོ་བརྩིགས་ཤིང་རྐུབ་སྟེགས་ཤིག་ཏུ་ལྷོད་ཉམས་ངང་བསྡད་འདུག   བསམ་འགྲུབ་ཀྱིས་“དགེ་རྒན་ཚེ་རྡོ།   ངའི་གམ་གྱི་འདི་མིང་ལ་ལྷུན་འགྲུབ་ཟེར་འདི་ཨ་ཕ་ཚེ་རྒྱའི་བུ་ཆུང་རེད་ད་ཐེངས་སློབ་གྲྭའི་ནང་ལ་གསར་དུ་ཞུགས་པ་ཡིན་ཟེར” དགེ་རྒན་གྱིས་མིག་ཤེལ་ཡར་འདེད་ཙམ་བྱས་ནས་ཅི་ཞིག་ཡིད་ལ་དྲན་པ་ལྟར། “ ཨ་ཕ་ཚེ་རྒྱ་ཤེས་ནི་རེད་ཅེས།”   ཤོག་བུ་ཞིག་གི་སྟེང་དུ་ངའི་མིང་དང་ལོ་བྲིས་ནས་“ད་ཁྱེད་གཉིས་སོང་ན་ཆོག་ཟེར།”དེ་ནས་བསམ་འགྲུབ་ཀྱིས་ང་རང་ཁྲིད་དེ་མལ་ཁང་ནང་དུ་སོང་།   དེ་ནས་བཟུང་བསམ་འགྲུབ་ངེད་གཉིས་ཁོའི་མལ་ཁྲིའི་སྟེང་དུ་ཉལ།   ཕྱི་ཉིན་སློབ་རིམ་དང་པོའི་འཛིན་གྲྭ་“ཁ་”བའི་ནང་དུ་སོང་ནས་མི་ཚེའི་སློབ་ཁྲིད་དང་པོ་ལ་ཉན།   དགེ་རྒན་མ་ཐོན་སྔོན་དུ་བྱིས་པ་དག་འུར་ཆིལ་ལེ་བྱེད་བཞིན་མཆིས།   བསམ་འགྲུབ་ངའི་སྔོན་གྱི་རྐུབ་སྟེགས་སུ་བསྡད་ཡོད།   ངའི་གྲལ་མཚེས་ཀྱི་མིང་ལ་དོན་འགྲུབ་ཟེར།   ངེད་གཉིས་ཀྱིས་ཕན་ཚུན་ལ་ལྟ་ཙམ་བྱས་ནས་འཛུམ་དམུལ་ལེ་བསྡད། དགེ་རྒན་ཚེ་རྡོས་མཆན་འོག་ལ་འབྲི་དེབ་ཁ་ཤས་བཙུར་ནས།   ལག་ཏུ་སྨྱུག་མ་རིང་ཐུང་འཚམས་པ་ཞིག་བཟུང་སྟེ་སླེབས་སོང་།   ཁོ་སློབ་ཁང་གི་ལྡིངས་ཆའི་སྟེང་དུ་བུད་ནས་ག་ལེར་མིག་བཤེར་ཐེངས་གཅིག་བྱས་རྗེས།   མདུན་གྱི་སྒྲོག་ཙེ་ལས་ས་སྨྱུག་དཀར་པོ་ཞིག་བླངས་ནས་སྒོ་སམ་སྟེང་དུ་གསལ་བྱེད་སུམ་ཅུ་བྲིས།   སླར་ཡང་ས་སྨྱུག་དམར་པོ་ཞིག་བླངས་ནས་དབྱངས་བཞི་བྲིས་ཏེ།   སྐད་གདངས་མཐོན་པོའི་ངང་ནས་བཤད་རྒྱུར། “ཁྱེད་ཅག་གིས་འདི་དག་ཅི་ཞིག་ཡིན་པ་ཤེས་དགོས།   འདི་ནི་བོད་ཀྱི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་རེད་འདི་ནི་ང་ཚོའི་རིག་གནས་མཐའ་དག་གི་མ་ཡུམ་རེད་ཅེས་མུ་ནས་མང་པོ་ཞིག་བཤད་བྱུང་དེ་དག་ནི་ང་ལ་མཚོན་ན་མགོ་ཉོག་བྱེད་དུ་གྱུར།   ངས་དེ་ནས་བཟུང་མ་ཡུམ་ལྟ་བུའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་འབད་བརྩོན་བྱས་པ་ཡིན།   བསམ་འགྲུབ་ནི་ང་ཚོའི་འཛིན་གྲྭའི་ནང་གི་སློབ་སྦྱོང་བཟང་ཤོས་ཡིན། ཉིན་ཞིག་གྲལ་མཚེས་ངེད་གཉིས་ཁ་རྩོད་ཤོར་ནས་ཕན་ཚུན་ལ་ལག་འཐབ་རེ་འགའ་བྱས།   ཁོས་ངའི་འགྲམ་པར་ཐལ་ལྕགས་ཀྱིས་ཚ་བེར་བེར་ཞིག་གཞུས་པས་ངའི་ངུ་སྐད་ཤོར།བསམ་འགྲུབ་ངའི་ཚབ་ཏུ་བརྒྱུགས་ནས་དོན་འགྲུབ་ཀྱི་མིག་དོང་ལ་ཁུ་ཚར་གྱིས་བསྣུན།   དེ་མ་ཐག་དགེ་རྒན་ཐོན་ནས།   ངེད་ཅག་མི་རེ་རེར་བེར་ཀས་བརྡུངས་ཏེ་སྒོར་ཕུད།   ཉིན་དེ་ནི་བསམ་འགྲུབ་དགེ་རྒན་གྱི་མིག་ནང་ལས་བུད་ཐེངས་ཐེངས་དང་པོར་ཆགས།   བསམ་འགྲུབ་ངེད་གསུམ་ཞོགས་པ་དེར་སློབ་རྭའི་དར་དམར་གྱི་ཉེ་འགྲམ་དུ་ཉིན་ཕྱེད་ཙམ་ལ་འགྲེངས།   ཉིན་དེར་ཉི་མའི་ཚ་གདུགས་ཆེ་བས་མིག་ཀྱང་ཕྱེ་མི་ཐུབ་པའི་ཚོད་རེད།   ཉིན་གུང་ཙམ་ལ་དགེ་རྒན་གྱིས་གདོང་དུ་ཁྲོ་ཉམས་ཤིག་བཟུང་ནས་ངེད་ཅག་གི་སར་ཐོན། “ འབྲོག་པའི་བྱིས་པ་འདི་དག   རང་གཤིས་གྱོང་བོ་ཡིན་ཞིང་ཕ་མའི་སློབ་གསོ་ཡག་པོ་སྤྲད་མེད་པས་ནམ་ཡིན་ཡང་ནང་འཛིང་ལ་ཧ་ཅང་དགའ། ཁྱེད་ཅག་གིས་བསམ་གཞིགས་ཤིག་ཐོངས་དང་།   སློབ་གྲོགས་བར་ལ་འཁོན་འགྲས་བྱས་པ་ནི་མི་ཐ་ཤལ་གྱི་ལས་ཀ་ཡིན།   བུའི་བཟང་ངན་ནི་ཁུ་ཚུར་གྱི་ངར་འདུག་ལ་མི་ལྟ་བར། སློབ་སྦྱོང་གི་བཟང་ངན་ལ་ལྟ་དགོས་ཟེར། ” ད་ཁྱེད་ཅག་གིས་རང་སྐྱོན་ངོས་ཟིན་ནམ་ཟེར།”ངེད་ཅག་ངོས་ཟིན་སོང་ཞེས་སྨྲས།” དགེ་རྒན་གྱིས་ངེད་ཅག་གློད་གྲོལ་བྱས་སོང་།

4.

ཉིན་དེ་ནས་བཟུང་སྔར་འཁྱུད་ལྟར་བསམ་འགྲུབ་ངེད་གཉིས་ཀྱིས་སློབ་གྲྭའི་འཚོ་བ་བསྐྱལ་བ་ཡིན།   དུས་ཚོད་ཀྱི་མདའ་ཁབ་རིམ་གྱིས་འཁོར་ནས་དགུན་གཞུང་གི་རྨི་ལམ་མགོ་བརྩམས།   ཉིན་དེ་ནི་ལོ་འདིའི་ཁ་བ་བབས་ཐེངས་དང་པོ་ཆགས།   ང་ཚོ་མལ་ཁང་ལས་སྒོར་བུད་མ་ཐག་མཐོང་ལམ་དུ་དཀར་འཇམ་ཡུག་ཅིག་གི་ཡུལ་ལྗོངས་ཤིག་མངོན་བྱུང་།   སློབ་མ་ཚོའི་མཁུར་ཚོས་ལ་གྲང་ལྷགས་ཕོག་པས་སིལ་ཏོག་བཞིན་དམར་པོར་གྱུར་ཅིང་གོམ་སྒྲའི་ཐྲིག་སྒྲ་ཆད་པ་མེད།   མལ་ཁང་ནས་སློབ་ཁང་དང་སློབ་ཁང་ནས་ཇ་ཁང་དུ་རྐང་རྗེས་ཀྱིས་ཁྱབ།   ཉིན་དེའི་ཕྱི་དྲོ་ནས་བཟུང་སློབ་རྭའི་གུང་གསེང་བཏང་བྱུང་།   བསམ་འགྲུབ་ངེད་གཉིས་ཕ་ཡུལ་དུ་ཆས་པ་ཡིན།   སློབ་གྲྭ་ནས་ཕ་ཡུལ་དུ་ཉིན་ཕྱེད་ཙམ་ལ་འགྲོ་དགོས་ཀྱང་ངེད་གཉིས་སྤྲོ་སྣང་གིས་བཟི་སྟེ་ལམ་གྱི་ངལ་དུབ་ནི་ཅི་ལའང་མི་སྣང་།   ཕ་ཡུལ་དུ་ཐོན་པ་ནས་བཟུང་བསམ་འགྲུབ་ངེད་གཉིས་མཉམ་དུ་སྒོ་ཕྱུག་འཚོ་རུ་སོང་བ་ཡིན།   དགུན་ཁའི་ཕ་ཡུལ་ནི་སྐྱ་མདོག་གིས་ཁྱབ་ཀྱང་།   ཆུ་མོ་ཐམས་ཅད་དར་གྱིས་བཟུང་།   དགུན་ས་ནས་དབྱར་སར་སྤྱི་ལེ་ཁ་ཤས་འགྲོ་དགོས་མོད་ཀྱང་།   སྔར་བཞིན་གྲོང་ངེར་འགྲེང་བའི་མདའ་དཔོན་སྤུན་མཆེད་ཀྱི་རི་བོ་དེ་མཐོང་ཐུབ།   དབུ་རྩེ་ཁ་བས་གཡོགས་པ་དེ་སྐབས་ལན་རེ་ཕྱིང་ཞྭ་གྱོན་པའི་འབྲོག་པ་གཉིས་ལ་འཁྲུལ་འགྲོ་བ་ཞིག་ཡིན།   དགུན་ཁའི་དུས་ཚོད་མཐའ་དག་སྤེན་དཀར་ཐང་ནས་ང་དང་བསམ་འགྲུབ་གཉིས་ཀྱིས་ལས་བྱ་དང་འགྲོགས་ནས་ཕུད་ཅིང་།   ལོ་སར་གྱི་རྗེས་སུ་སློབ་རྭའི་སློབ་མགོ་ཚུགས།   ངེད་གཉིས་ཀྱིས་འདི་ལྟར་ལོ་ངོ་དྲུག་ཙམ་ལ་སློབ་ཆུང་གི་དུས་ཚོད་མཐའ་དག་མཉམ་དུ་བསྐྱལ།   ལོ་དེ་ནི་ང་རང་ལོ་བཅུ་དྲུག་ལ་སླེབས་ཤིང་སྟོན་མཇུག་གི་དུས་དེར་ངེད་ཅག་གིས་དམའ་འབྲིང་གི་ཡིག་ཚད་བཏང་བ་ཡིན།   བསམ་འགྲུབ་ངེད་གཉིས་ཀྱིས་ཡིག་ཚད་བཏང་བ་ལེགས་པས་གཉིས་ཀ་རྫོང་དམའ་འབྲིང་དུ་འགྲོ་ཐུབ་བྱུང་།   རྫོང་དམའ་འབྲིང་དུ་འགྲོ་བའི་ཉིན་དེར་ཨ་ཕས་སྦག་སྦག་འཕྲུལ་རྟ་གསར་བས་ང་རང་སློབ་གྲྭར་བསྐྱལ་བ་ཡིན།   རྫོང་མཁར་གྱི་ཁྲོམ་སྲང་ཀུན་ཏུ་ཚོང་བ་དང་མི་ཚོགས་ཀྱིས་ཁེངས་ཤིང་།   འདི་ནི་ངེད་ཅག་གི་ཞང་དང་མི་འདྲ་བར་འཚང་ཁ་ཤིག་ཤིག་རྣམ་པ་དེས་ང་རང་མགོ་ཡུ་འཁོར་བ་ཞིག་རེད།   རྫོང་མཁར་གྱི་སློབ་འབྲིང་གི་སྒོ་བྱང་ལ་༼ རྫོང་མི་རིགས་སློབ་འབྲིང་དང་པོ་༽ ཞེས་བྲིས་ཡོད།   དེ་ནི་ང་ཚོའི་སློབ་ཆུང་དང་ཡེ་ནས་མི་འདྲ་བར། ཁང་བརྩིགས་དུ་མ་བསྟུད་མར་བསྒྲིགས་ཤིང་། སློབ་མའི་གཞི་གྲངས་ཀྱང་ལྡབ་འགྱུར་གྱིས་མང་།   བསམ་འགྲུབ་སྔ་མོ་ནས་ཐོན་ཡོད།   ངེད་གཉིས་ཀྱིས་མལ་ཁང་དུ་ཅ་ལག་བཞག་རྗེས་སློབ་རྭའི་ཇ་ཁང་དུ་ཕྱིན་ནས་ཐུག་པ་དཀར་ཡོལ་གང་བཏུང་བ་ཡིན།   ཐུག་པ་བཏུང་རྗེས་མལ་ཁང་དུ་ལོག་ནས་སོ་སོའི་ཕུགས་བསམ་གྱི་སྐོར་ནས་ལབ་པ་ཡིན།   “བསམ་འགྲུབ་ཀྱིས་བཤད་རྒྱུར་མ་འོངས་བ་ང་རང་སྐད་ཡིག་དགེ་རྒན་ཞིག་བྱེད་རྩིས་ཡིན།   ཕ་ཡུལ་དུ་ཕྱིར་ལོག་ནས་དགེ་རྒན་ཚེ་རྡོ་འདྲ་ཞིག་བྱེད་ཐུབ་ན་ཆོག་ཟེར།”དོན་དངོས་སྟེང་བཤད་ན་ང་ལ་ཕུགས་བསམ་ཞིག་མེད་པ་འདྲ།   ངས་ཀྱང་བསམ་འགྲུབ་ལ་ལད་མོ་བྱས་ནས་ང་ཡང་སྐད་ཡིག་དགེ་རྒན་ཞིག་བྱས་ན་བསམ་ཞེས་སྨྲས།   ཉིན་དེ་ནས་བཟུང་ངེད་གཉིས་ཀྱིས་ཕུགས་བསམ་གྱི་ཆེད་དུ་འབད་པ་བྱས།   དུས་ཚོད་རིམ་གྱིན་འཁོར་ནས་ང་རང་ལ་སློབ་སྦྱོང་གི་སེམས་ཤུགས་མེད་པར་གྱུར།   ནམ་རྒྱུན་སློབ་སྐབས་སུ་རྣམ་གཡེང་ཁོ་ནས་བསྐྱལ་ལ།   རྒྱུགས་འབྲས་ཀྱང་འཛིན་གྲྭའི་དམའ་ཤོས་སུ་གྱུར།   བསམ་འགྲུབ་ཀྱིས་ཁྱོད་ཅི་ཞིག་མ་ཉན་པ་རེད་ཟེར།   ང་ལ་ཅི་ཡང་བཤད་རྒྱུ་མེད་ང་ནི་སློབ་རྭའི་ར་སྐོར་ལ་སུན་སྣང་སྐྱེ།   གློ་བུར་དུ་ཕ་ཡུལ་དུ་འགྲོ་སྣང་སྐྱེ།   ཕ་ཡུལ་ལུང་པའི་རི་ཁུག་གི་ལྷིང་འཇགས་དེ་དྲན་བྱུང་།   མ་ཟད་བྱིས་དུས་ཀྱི་མདའ་དཔོན་སྤུན་མཆེད་ཀྱི་གདོང་ཁ་དེ་དྲན།   དེ་ན་ཟང་ཟིང་གི་ཁོར་ཡུག་མེད་པར་མ་ཟད།   ངའི་རང་དབང་གི་ཁོར་ཡུག་ཡོད།   དེ་ན་ངའི་འགྲོ་ལམ་འགོག་པའི་སྒོ་སྲུང་བ་མེད་ལ།   དེ་ན་ང་ལ་གནོན་ཤུགས་སྤྲོད་པའི་སྐར་འབྲས་མེད།   ཅི་ཞིག་ཡིན་རུང་ང་རང་ཕ་ཡུལ་དུ་ལོག་ན་བསམ།   ངའི་སེམས་འདུན་མཐའ་དག་བསམ་འགྲུབ་ལ་བཤད་ན་མི་འདོད།   ཁོ་ནི་སློབ་སྦྱོང་ལ་དགའ་བར་མ་ཟད། མ་འོངས་པ་ན་སྐད་ཡིག་དགེ་རྒན་ཞིག་བྱེད་ངེས་ཡིན།   ངས་ང་ལ་ཅི་ཡང་མི་སྐྱོན་ཞེས་སྨྲས།

5.

ལོ་དེའི་དབྱར་གཞུང་གི་སུན་སྣང་གིས་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་ཐེབས།   དམའ་འབྲིང་གསུམ་པའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་ཁ་བའི་རྒྱུན་ལ་འཇགས་པ་མེད།   སློབ་གཙོའི་གཞུང་སྒྲུབ་ཁང་གི་གློག་ནམ་ཕྱེད་ལ་སླེབས་ཀྱང་གཟིམས་མེད།   མཚན་མོ་དེར་ང་སློབ་གཙོའི་གཞུང་སྒྲུབ་ཁང་གི་སྒོ་ཁར་བརྒྱུད་ནས་འགྲོ་སྐབས།   གཞུང་སྒྲུབ་ཁང་གི་སྐར་ཁུང་བརྒྱུད་དེ་ངས་ཅོག་ཙེའི་སྟེང་དུ་ཤོག་སྒོར་བསྡམས་མ་ཁ་ཤས་བཞག་ཡོད་པ་མཐོང་བྱུང་།   གློ་བུར་དུ་ངའི་སེམས་ལ་ཡེ་ནས་དྲན་མྱོང་མེད་པའི་དོན་ཞིག་དྲན་བྱུང་།   དེ་ནི་སྒོར་མོ་དེ་བརྐུ་རྒྱུའི་འདུན་པ་ཞིག་འགོག་མ་ཐུབ་པར་སྐྱེས།   སྐབས་དེར་ང་ལྐོག་ལྐོག་སུད་སུད་ཀྱིས་གཞུང་སྒྲུབ་ཁང་གི་སྐར་ཁུང་ལས་མཆོངས་སྟེ་སྒོར་མོ་བསྡམས་མ་དེ་དག་ལས་གཅིག་བརྐུས་པ་ཡིན།   འཚུབ་ཆ་ལངས་ནས་ཁ་ནས་དབུགས་ཀྱང་འབྱིན་རྔུབ་བྱེད་མི་ཐུབ་པ་ལྟ་བུར་གྱུར།   གཡས་གཡོན་ལ་ལྟ་ཞོར་མྱུར་མོར་མལ་ཁང་དུ་ལོག་པ་ཡིན།   བསམ་འགྲུབ་སོགས་ཉལ་གྲོགས་ཚོ་སྔ་མོ་ནས་གཉིད་དུ་ཡུར་འདུག   མཚན་མོ་དེར་ང་ལ་གཞི་ནས་གཉིད་ཅིག་མ་ཡོང་།   ཕྱི་ཉིན་ནམ་གསལ་དུས་གནམ་ངོ་སྔར་བཞིན་སེམས་ལ་སྡུག་བསྔལ་ཡོད་པའི་མི་ཞིག་གི་ངོ་གདོང་བཞིན་ནོག་པོར་གྱུར་ཡོད།   ཡིན་ཡང་ཕྱི་རོལ་གྱི་ཁ་བའི་འབབ་མཚམས་བཞག་འདུག   ཞོགས་པའི་ཅོང་བརྡ་གྲག་མ་ཐག་ངའི་སེམས་སྡོད་ཚུགས་རྒྱུ་ཞིག་མི་འདུག   མལ་ལས་ལངས་རྗེས་ནང་གོས་ཇེ་འཐུག་ཏུ་བཏང་ནས་ཕྱི་རོལ་ཏུ་འགྲོ་རྩིས་བྱས། བསམ་འགྲུབ་ཀྱིས་བཤད་རྒྱུར།   མདང་དགོང་ཁྱེད་རང་གང་དུ་སོང་བ་ཡིན་ཟེར།   ངའི་སྐད་ཆ་དེ་ཐོས་མ་ཐག་མཆིལ་མའང་མིད་མི་ཐུབ་པར་གྱུར།   ང་སྤྱོད་ཁང་དུ་སོང་བ་ཡིན་ཞེས་ལན་སྟབས་བདེ་ཞིག་བཏབ་ནས་མལ་ཁང་ལས་སྒོར་བུད་པ་ཡིན།   གློ་བུར་དུ་ངའི་སེམས་ལ་མདང་དགོང་གི་སྒོར་མོ་དེ་དྲན་བྱུང་། ང་ཕྱིར་མལ་ཁང་དུ་ལོག་ནས་སྡོད་སྐབས།   སློབ་གྲྭའི་འགོ་གཙོ་དག་གིས་སློབ་མ་གཅིག་ཀྱང་མལ་ཁང་ལས་སྒོར་བུད་མི་ཆོག་ཟེར།   སྐབས་དེར་གོས་ལ་ནག་པོ་གྱོན་པའི་དམག་མི་འགའ་སླེབས་བྱུང་།   ཐད་ཀར་ངེད་ཅག་གི་མལ་ཁང་གཟེས་ཏེ་སླེབས་བྱུང་།   ངའི་སེམས་ལུ་གུ་ཞིག་དང་འདྲ་བར་འཕར་ལྡིང་བྱེད་པ་སྒྲ་“ཏིག་”“ཏིག་”་ཅེས་པའི་སྒྲ་དེ་རང་གིས་གོ་ཐུབ།   ངས་སེམས་ལ་རང་གི་གདོང་གདོག་འགྱུར་མི་ཉན་བསམ།   འོན་ཀྱང་ལུས་ཡོངས་རྫོགས་སྦྲིད་དེ་རྐང་པ་གཉིས་འདར་སུག་སུག་ཏུ་ལག་མཐིལ་ཡང་རྔུལ་ཆུས་བཟུང་།   དམག་མི་དེ་དག་གིས་ངེད་ཅག་གི་སྒོ་འགྲམ་ན་བཞག་ཡོད་པའི་འདམ་གྱི་རྐང་རྗེས་ལ་གཟབ་ནན་གྱིས་བལྟས།   འཇལ་ཆས་ཤིག་གིས་གཡས་གཡོན་དང་མགོ་མཇུག་གི་ཆེ་ཆུང་ཟིན་བྲིས་ལ་ཕབ། “ དམག་མི་ཞིག་གིས་བཤད་རྒྱུར་“མདང་དགོང་བབས་པའི་ཁ་བ་དེའི་རྐྱེན་གྱིས་ཁུངས་སྣེ་ཆེན་པོ་ཞིག་བཞག་ཡོད་ཟེར” ངའི་ཡིད་ལ་དྲན་བྱུང་“རྐང་རྗེས་”དེ་ཡིད་ལ་དྲན་བྱུང་།   དེ་མ་ཐག་ངའི་ཟ་འགྲམ་ནས་རྔུལ་ཆུ་བཞུར་མགོ་བརྩམས།   སེམས་ཀྱི་སྔངས་སྐྲག་དེ་ནི་མཐོ་ས་ནས་མར་ལྷུང་བའི་ཚོར་བ་འདྲ་ཞིག་རེད་།   དམག་མི་དེ་དག་ངེད་ཅག་གི་མལ་ཁང་དུ་འཛུལ་ནས་ལྷམ་ལ་ཞིབ་ལྟ་བགྱིས།   བསམ་འགྲུབ་ཀྱིས་“དོན་དེ་ཁྱེད་དང་འབྲེལ་བ་ཡོད་དམ་ཞེས་”ཤུབ་ཤུབ་ཏུ་ངའི་རྣ་ལམ་དུ་སྨྲས་ངས་ཉམས་འཇོག་མ་བྱས་པར་།   མགོ་བོ་རྡེབ་ཙམ་བྱས་པ་ཡིན།   དེ་མ་ཐག་འཕྲེད་དུ་གཡུགས་པ་ཡིན།   བསམ་འགྲུབ་ཀྱིས་ཅི་ཞིག་གོ་བ་ལྟར།   མིག་ནང་དུ་སྐྱོ་ཉམས་ཤིག་བཟུང་ནས་ངས་ཕྱོགས་སུ་ལྟ་ཙམ་བྱེད།   ང་ལའང་སྐྲག་སྣང་ལས་ཐོན་པའི་སྐྱོ་ཉམས་ཀྱི་སེམས་ཁམས་ཤིག་གར་ཐོན་མེད་པར་སྐྱེས་བྱུང་།   དམག་མི་ཞིག་གིས་བསམ་འགྲུབ་ཀྱི་མལ་ཁྲིའི་འོག་ཏུ་བཞག་པའི་ལྷམ་ཆུང་དེ་ལག་ཏུ་བཟུང་བྱུང་།   ད་དུང་བསམ་འགྲུབ་ཀྱི་མལ་ཁྲིའི་འོག་གི་སྒོར་མོ་བསྡམ་མ་དེ་ཡང་རྙེད་བྱུང་།   དམག་མི་ཞིག་གིས་“ལྷམ་”“ལྷམ་”འདི་སུའི་ཡིན་ཟེར།   བསམ་འགྲུབ་ཀྱིས་“ངའི་ཡིན་ཟེར”དམག་མི་དེས་མིག་བསྒྲད་ཅིང་གདོང་དུ་ཁྲོ་ཉམས་འཇིགས་སུ་རུང་བ་ཞིག་ཐོན་ནས། “ཁྱོད་མདང་དགོང་སློབ་གཙོའི་གཞུང་སྒྲུབ་ཁང་དུ་ལྡང་ནས་སྒོར་མོ་རྐུ་མཁན་ཨེ་ཡིན་ཟེར”བསམ་འགྲུབ་ཀྱིས་“ ང་ཡིན་”“ང་ཡིན་ཟེར་” ང་ཧ་ལས་སོང་།   ངས་ཅི་ཞིག་བཤད་རྩིས་བྱས་ཀྱང་མགྲིན་པ་ནི་མི་ཤེད་ཅན་ཞིག་གིས་བསྡམས་པ་ལྟར་ཅི་ཡང་ཤོད་ཐུབ་མི་འདུག   བསམ་འགྲུབ་ཀྱི་ལག་པའི་འཕྲུག་མར་ལྕགས་སྒྲོག་རྒྱབ།   དམག་མི་སྟོབས་ཆེན་དེས་བསམ་འགྲུབ་ཀྱི་རྐང་པའི་རྗེ་ངར་ལ་རྡོག་ཐོས་བརྒྱབས།   བསམ་འགྲུབ་ས་རུ་འགྱེལ།   དེ་མ་ཐག་དམག་མི་གཉིས་ཀྱིས་བསམ་འགྲུབ་ཀྱི་མཆན་འོག་གཡས་གཡོན་ནས་བཟུང་སྟེ་ཕྱི་རོལ་དུ་ཁྲིད།   ངའི་ཡིད་ལ་ཅི་ཡང་འཆར་རྒྱུ་མི་འདུག   སྒེའུ་ཁུང་ལས་ཕྱི་རོལ་གྱི་ནམ་ཟླ་བལྟས།   སླར་ཡང་ཁ་བ་སམ་མ་སུམ་མེ་ཞིག་ལྷོད་ཀྱིས་བབས་བྱུང་།   མལ་ཁང་གི་ཉལ་གྲོགས་དག་ཀྱང་ཁ་ཁུ་སིམ་མེར་ཕྱི་རོལ་དུ་བུད་སོང་།   ང་ལ་སྐྲག་སྣང་དང་འགྱོད་གདོང་གི་སེམས་ཚོར་ཞིག་སྐྱེས་ཏེ་མིག་ཆུ་ཐུག་པ་ཁ་ཤས་དབང་མེད་དུ་མཁུར་ཚོས་བརྒྱུད་ནས་བསམ་འགྲུབ་འགྱེལ་སར་ལྷུང་།   སློབ་རྭའི་རྒྱང་སྒྲོག་ཁང་ལས་གླུ་ཆུང་ཞིག་བཏང་བྱུང་།

“ ཁ་བ་མར་མར་འབབ་དུས། །”
“ང་ཡི་མཐོང་ལམ་བཀག་བྱུང་། །”

ཞེས་པའི་གླུ་གཞས་དེ་གྲག་བྱུང་།   ངའི་མལ་ཁང་ལས་རྒྱང་རིང་གི་ཕ་ཡུལ་མཐོང་གི་མི་འདུག   ངས་གོམ་ཆུང་རྒྱང་རིང་གི་ཕ་ཡུལ་ཕྱོགས་སུ་སྤོས།   ཕྱིར་མིག་ཅིག་ལྟ་དུས་ཁ་བ་དང་འདྲེས་པའི་མོག་མོག་གི་སློབ་གྲྭ་མཐོང་གི་མི་འདུག   ཁ་བའི་ནང་དུ་ཕབ་པའི་ང་ཡི་རྐང་རྗེས་དེ་ཁ་བས་མནན་ནས་མཐོང་གི་མི་འདུག   ངའི་གོམ་མཚམས་མ་བཞག་པར་མདུན་ནས་མདུན་དུ་སོང་།     མདུན་དུ་སོང་།   སོང་།