མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

ལོ་འགོ་འཛིན་སྟངས་དང་ལོ་སར་དུས་ཚིགས་འབྲེལ་ཡོད་ཀྱི་གནའ་བོའི་ངག་རྒྱུན་ལ་གཞིགས་ཏེ་བརྗོད་པའི་ཚིག་ཚོགས་ཀྱི

23
发表时间:2023-12-11 14:31作者:ཨོའུ་རྒྱ་པདྨ་རྡོ་རྗེ།

ལོ་འགོ་འཛིན་སྟངས་དང་ལོ་སར་དུས་ཚིགས་འབྲེལ་ཡོད་ཀྱི་གནའ་བོའི་ངག་རྒྱུན་ལ་གཞིགས་ཏེ་བརྗོད་པའི་ཚིག་ཚོགས་ཀྱི་དཔྱད་ཡིག་རགས་ཙམ།


སྔོན་དུ་མཆོད་ཕྱག་འབུལ་ཡུལ་ནི།   ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས་རྣམ་པ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ་ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང་འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་རྗེ་བཙུན་བླ་མར་སྔོན་དུ་ཞུ་གསོལ་འདེབས་སོ། །

ཨོའུ་རྒྱ་པདྨ་རྡོ་རྗེ།


ལར་བཤད་པ་ལོ་སར་སྐོར་གྱི་སྤྱི་ཁོག་གླེང་བ་ནི།    ལོ་སར་ཡང་ན་ལོ་གསར་ཞེས་པ་ནི་ལོ་གཅིག་གི་ལོ་འགོ་གསར་དུ་ཤར་བ་ལ་ཟེར་ཞིང་། ལོ་འགོ་འཛིན་ཚུལ་ལ་དབྱེ་གཞི་དུ་མ་ལས་གྲགས་ཆེ་བ་རགས་ཙམ་ཞིག་སྟེ།   རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱིས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་ལོ་འགོ་འཛིན་པ་ལ།   ( ཀུན་མཁྱེན་གོ་རམས་པས་ངོ་མཚར་སུམ་ལྡན་ལས། ) དེང་སང་ཧོར་ཟླ་བརྒྱད་པར་བྱས་པ་ཁྲུམས་གྱིས་ཉ་བའི་ཉ་ལ་ལོ་སྔ་མའི་ལོ་མཇུག་རྫོགས་ནས། དེའི་ཕྱི་དེ་ཉིན་པར་ནས་ལོ་འགོ་འཛིན་པར་འདོད་པ་དང་།   ཧོར་ཟླ་དགུ་པ་ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པ་དང་། ཧོར་ཟླ་བཅུ་པ་སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པར་འདོད་པའི་ལུགས་སོ། ། དེ་ཐམས་ཅད་ཀྱང་དུས་ཚིགས་ཀྱི་དབྱེ་བ་བཞི་ཆར་ལ་ལོ་འགོ་དགུན་ནས་འཛིན་པར་འདོད་པ་མཚུངས་ཏེ། ( རྒྱལ་པོའི་སྲས་སུ། ) སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། ། གཉིས་པ་ནི་དཔྱིད་དོ། ། གསུམ་པ་ནི་དབྱར་རོ་ཞེས་གསུངས་པ་འདིའི་རྗེས་སུ་འབྲངས་པའོ། ། དེའི་རྒྱུ་མཚན་ཡང་མཁས་པ་སྔ་མ་དག་འཇིག་རྟེན་པ་དང་ཕྱི་རོལ་པ་རྣམས་དང་པོ་འཕེལ་བ་ལྟར་སྣང་ཡང་ཕྱིས་འགྲིབ་པར་འགྱུར་བས་དེ་ལས་བཟློག་ནས་སངས་རྒྱས་པ་དང་པོར་འགྲིབ་པ་ལྟར་སྣང་ཡང་ཕྱིས་འཕེལ་བར་འགྱུར་བ་མཚོན་པའི་ཆེད་དུ། ཟླ་བའི་འགོ་མར་ངོ་ནས་འཛིན་པ་དང་། ལོ་འགོ་དགུན་ནས་འཛིན་པར་བཞེད་དོ། ། ཞེས་གསུངས།   མཆིམས་དང་བུ་སྟོན་སོགས་ཀྱིས་འདུལ་མངོན་གཉིས་ཀྱི་ལུགས་ལ་ཧོར་ཟླ་བརྒྱད་པའི་མར་ངོའི་ཚེས་གཅིག་སྟེ་དེའི་ཉའི་ཕྱི་དེ་ཉིན་པར་ལོ་འགོ་འཛིན་པར་འདོད་པ་ཡིན།   མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས་ཁ་ཆེ་པཎ་ཆེན་དང་།   སྣར་ཐང་པ་མཆིམས་འཇམ་པའི་དབྱངས་སོགས་ཀྱིས་ཧོར་ཟླ་དགུ་ཚེས་བཅུ་དྲུག་ལ་ལོ་འགོ་འཛིན་ནི་ཕྱིས་ཀྱི་མཁས་པ་མང་པོས་འདུལ་མངོན་གཉིས་ཀྱི་ལུགས་ལ་ཧོར་ཟླ་དགུ་པའི་མར་ངོའི་ཚེས་གཅིག་སྟེ་དེའི་ཉའི་ཕྱི་དེ་ཉིན་པར་ལོ་འགོ་འཛིན་པ་ཡིན།   རྗེ་ས་པཎ་དང་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་བའི་རང་ལུགས་འཛིན་པ་དང་བཅས་པས་མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ཧོར་ཟླ་བཅུ་བའི་ཚེས་བཅོ་ལྔའི་མཚན་མོའི་མཐའ་སྐྱ་རེངས་མ་ཤར་གོང་དུ་ལོ་སྔ་མ་རྫོགས་པ།   སྟོན་གྱི་དུས་རྫོགས་པ།   སྨིན་དྲུག་གི་ཟླ་བ་རྫོགས་པ་སྟེ་རྣམ་གསུམ་དུས་ཅིག་ཅིར་དུ་བྱུང་བ་སྟེ།   དེ་སྐད་ཅིག་གཉིས་པ་ལ་ཧོར་ཟླ་བཅུ་བའི་ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་མ་ཐག་ཏུ་ལོ་ཕྱི་མའི་ལོ་འགོ་འཛིན་པ་ནི་ཡར་ངོ་སྔོན་འགྲོ་བྱས་པའི་ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་དང་མར་ངོ་སྔོན་འགྲོ་བྱས་པའི་ཧོར་ཟླ་བཅུ་གཅིག་པ་མགོ་ཟླའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་འདོད་པ་ནི་ས་ཕྱོགས་པ་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་དང་སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་སོགས་ཀྱིས་བཞེད།   ཡང་( འདུལ་བའི་ལུགས་ལ་) དགུན་གྱི་དུས་དུས་ཚིགས་ཀྱི་ཐོག་མར་འཇོག་པས་མར་ངོ་སྔོན་འགྲོའི་དགུན་ར་མགོ་ཟླ་ནས་འཛིན་པ་ཉི་སྣང་མཁན་པོ་སོགས་དང་།   བོད་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་མར་ངོའི་ཚེས་གཅིག་ནས་འཛིན་པ་པཎ་ཆེན་ཤཱཀྱ་མཆོག་དང་རྗེ་བློ་བཟང་གྲགས་པ་རྗེས་འབྲང་དང་བཅས་པ་རྣམས་བཞེད།   ( མངོན་པའི་ལུགས་ལ་) མར་ངོ་སྔོན་འགྲོའི་ཐ་སྐར་ཟླ་བའམ་ཡར་ངོ་སྔོན་འགྲོའི་སྨིན་དྲུག་ཟླ་བ་ནས་ལོ་འགོ་འཛིན་པ་བཞེད།      དགུན་གྱི་འགོ་འཛིན་པ།   མགོ་ཟླ་བའི་འགོ་འཛིན་པ་སྟེ་རྣམ་གསུམ་དུས་ཅིག་ཅར་དུ་འབྱུང་བའི་ཕྱིར།   སྐར་རྩིས་པ་རྣམས་ཀྱིས་ཧོར་ཟླ་གསུམ་པ་ནག་པ་ཟླ་བའི་ཚེས་གཅིག་ལ་ལོ་འགོ་འཛིན་པ་ནི་ཟླ་གསུམ་པ་དེ་གའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པརའདོད་པས་ན་སྐར་རྩིས་ལུགས་ཀྱི་རྒྱུ་སྐར་འཁོར་བགྲོད་དང་མཐུན་པའི་ལོ་འགོ་ལ་བོད་ཀྱི་བན་བོན་ཁག་དང་མ་ཁའི་མུ་སྟེགས་བཅས་རྩིས་ཁུངས་རྩ་ཆེ་ཤོས་དུས་འཁོར་ཕྱི་ནང་གཞན་གསུམ་གྱི་དགོངས་དོན་ལྟར་ལོ་འགོ་བོད་ཟླ་གསུམ་པ་ནག་པ་ཟླ་བ་ལ་ཁེལ་པ་དང་།   དེ་ལྟར་དུས་འཁོར་ལུགས་ལྟར་ན་དཔྱིད་ཟླ་ར་བ་ལོ་འགོ་འམ་རྩིས་འགོ་དེ་དང་མི་འགྲིག་པར་འོང་ཡང་ས་དགེ་རྙིང་གསུམ་སོགས་ཕྱི་ནང་གི་ཆོས་ལུགས་སོ་སོའི་ལྟ་བ་འཛིན་ཚུལ་གང་ལའང་མཚོན་ནའང་སྐར་རྩིས་པའི་བོད་ཟླ་གསུམ་པ་ནག་ཟླ་ནས་ལོ་འགོ་འཛིན་པ་འཕྱུགས་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་ཡིན།       ནག་རྩིས་པ་རྣམས་ཀྱིས་ཧོར་ཟླ་བཅུ་གཅིག་པའི་རགས་རྩིས་ཡར་ངོའི་ཚེས་གཅིག་དང་ཞིབ་པར་འཛིན་ན་དགུན་ཉི་ལྡོག་ནས་ལོ་འགོ་འཛིན་པ་ནི་འབྱུང་རྩིས་སམ་ནག་རྩིས་ཀྱི་ས་བདག་འཁོར་ལོའི་ལོ་འཕོ་བརྗེ་བའི་ལུགས་ལྟར་ལོ་འགོ་འཛིན་ཚུལ་གྱི་ལུགས་ལ་སྲིད་གསུམ་རྒྱལ་མོའི་རྒྱལ་མོའི་ཞལ་ངད་བྱང་དུ་འཕེན་ཞིང་རྟ་ལྗང་ལྡོག་པར་བྱེད་ཅེས། དགུན་ཉི་ལྡོག་ནས་ས་བདག་དང་།   ལོ་དང་ལོ་ཁམས་འཁོར་ལོའི་སྐྱས་རིམ་བཞིན་སོགས་འཕོ་བརྗེ་ཀྱི་ཡོད་པ་ལྟར་བོད་ཟླ་བཅུ་གཅིག་མགོ་ཟླའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་དང་དགུན་ཉི་ལྡོག་ནི་དགུན་འབྲིང་ངམ་དགུན་དཀྱིལ་ཏག་ཏག་ཡིན་པར་གསུངས་སོ། ། མདོ་སྡེ་གསེར་འོད།   སྨན་གྱི་གཞུང་རྒྱུད་བཞི།   རྒྱ་ནག་ཧོར་རྒྱལ་པོ།   བོད་ཁ་བ་ཅན།   ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པར་དེ་ལྟར་ཡོངས་གྲགས་ཀྱི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་འགོ་འཛིན་པ་ལ་ཡར་ངོ་སྔོན་འགྲོར་བྱས་པའི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་འགོ་འཛིན་པ་ཡིན་ཏེ། ( བཻ་དཀར་ལས། ) གསོ་དཔྱད་པ་དང་བསྲེས་པའི་ཚིག   ། ཧོར་ལུགས་གཏན་ཕབ་མཆུ་ཟླ་ལ།   ། དཔྱིད་ར་སྟག་ཏུ་ཁ་ཅིག་བཞེད།   ། ཅེས་གསུངས་པ་དང་།   གཞན་ཡང་མདོ་སྡེ་གསེར་འོད་དང་། རྒྱ་ནག་ཧོར་རྒྱལ་པོའི་ལུགས་དང་། ནག་རྩིས་སྨྲ་བ་འགའ་ཞིག་བཅས་མཐུན་ནོ།   ། ཧོར་ཟླའི་བརྩི་སྲོལ་ནི་རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་ ༡༢༢༧ ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་མཆུ་ཟླ་ལོ་གསར་དུ་བཟུང་བ་དཀྱུས་སུ་ཤོར་བས་མིང་ལའང་ཧོར་གྱི་ཟླ་བ་དང་པོར་ཞེས་གྲགས་པ་རིམ་དུ་སྦྱར་ཏེ་བརྩིས་བ་ཡིན།   ལོ་སར་གཏོང་བ་ལ་དབྱེ་ན་དུས་ཀྱི་སྐབས་དང་བསྟུན་ན་ཁྱབ་ཆེ་བ་རྒྱལ་པོའི་ལོ་སར།   སོ་ནམ་ལོ་སར།   བོད་ཟླ་བཅུ་གཅིག་པའི་ལོ་སར།   བོད་ཟླ་བཅུ་བའི་ལོ་སར་བཅས་བཞི་རུ་བཤད།
    ( ) རྒྱལ་པོ་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཡིན་ཅིང་།   ལོ་སར་འདིའི་བྱུང་ཚུལ་ནི་དུས་རབས་བཅུ་གསུམ་པའི་དུས་འགོར་ཧོར་ཇིང་གིར་རྒྱལ་པོས་བོད་ལྗོངས་དབང་དུ་བསྡུས་རྗེས་རྒྱ་ནག་གི་ཧོང་ལེ་དང་བོད་ཟླ་དང་པོ་ཞེས་པའི་ཐ་སྙད་དུ་བཏགས།    སྐབས་དེར་ས་སྐྱའི་ལོ་ཐོ་ལྟར་ཧོར་ཟླ་དང་
པོ་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཤམ་གཏོགས་པ་ཚང་མས་ལོ་གསར་དུས་སྟོན་དུ་བྱེད་པར་གསུངས།
    ( ) སོ་ནམ་ལོ་སར་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གཏོང་བའི་ལོ་གསར་དེའི་བྱུང་ཚུལ་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོན་ཆོས་ཉམས་པ་དང་ཕྱོགས་མཚུངས་སུ།   བར་འགྱུར་གསལ་སྒྲོལ་སྦས་བཅས་ཅན་གྱི་ལུགས་སུ་གྱིམ་ཤིང་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་ཀྱི་དཔེ་ཆ་ཞེས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་ལྷན་དུ་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་དང་།   གནའ་སྲོལ་དང་ཀོང་ཇོ་ཕྱི་མའི་ལུགས་ཞེས་གསལ་བ་ལྟར་ཀོང་ཇོ་ཕྱི་མ་སྟེ་གྱིམ་ཤིང་ཀོང་ཇོའི་དུས་སུ་བྱུང་བའི་ལོ་གསར་གཏོང་སྲོལ་ཡིན་པ་དང་།   ལོ་སར་འདི་ནི་གཙང་ཕྱོགས་ཀྱི་ཡུལ་གྲུ་ཀུན་དང་སྟོད་མངའ་རིས་ཁུལ་བྱང་འབྲོག་པ་སོགས་ཀྱིས་ཤིན་ཏུ་རྒྱས་པར་གཏོང་སྲོལ་ཡོད།   ཡུལ་གྲུ་དེ་དག་གིས་སོ་ནམ་ལོ་སར་རྒྱས་པར་གཏོང་བ་མ་ཟད་རྒྱལ་པོ་ལོ་སར་ཏེ་ཟླ་བ་དང་པོའི་ལོ་སར་ཡང་རྟེན་འབྲེལ་མ་འཆུགས་ཙམ་གཏོང་སྲོལ་ཡོད།   སྟོད་མངའ་རིས་ཁུལ་དུ་ཟླ་བ་བཅུ་གཉིས་པའི་ལོ་གསར་གཏོང་སྲོལ་ལ་ཞང་ཞུང་སྲིད་པའི་གྲེ་འགྱུར་ཞེས་པའི་ནང་བྱང་ཐང་འབྲོག་པའི་ལོ་སར་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་དགུ་ཐུག་དང་།   དགུ་གཏོར་གསལ་བཤད་མེ་རོ་དབྱུགས་པ་བཅས་བྱེད།   ཚེས་སུམ་ཅུ་ཉིན་ཐབ་གཟན་བ།   ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་མོ་ནས་ནང་མི་རྒན་གཞོན་ཚང་མ་གཟབ་མཆོར་སྤྲས་ནས་རྒན་གྲས་ལ་གུས་ཕྱག་བྱེད་ཅེས་སོགས་གསལ་བར་གཞིགས་ན་མངའ་རིས་ཁུལ་དུ་འབྲོག་པ་ཁག་གཅིག་གིས་ཀྱང་སོ་ནམ་ལོ་གསར་འདི་གཏོང་གིན་ཡོད་པ་རྟོགས་ཐུབ།   ཡང་ན་ ( འདུལ་བ་ལུང་རིགས་གཏེར་མཛོད་ལས། ) བོད་རྒྱལ་པོའི་རྗེས་སུ་འབྲང་བ་རྣམས་དགུན་ཟླ་འབྲིང་པོ་རྒྱལ་གྱི་ཟླ་བའི་ཡར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་པར་བཞེད་ཅེས་གསུངས་འདུག་པས་དེ་སྐབས་སུ་བོད་རྒྱལ་པོའི་རྗེས་སུ་འབྲང་བ་དག་གིས་རྒྱལ་ཟླ་བ་ལ་ལོ་འགོ་འཛིན་པའི་སྲོལ་ཡང་ཡོད་པ་ཡིན།   སྔོན་ཡ་ཐོག་གི་ལོ་སར་གྱི་ལོ་འགོ་འཛིན་སྟངས་དེ་ཞང་ཞུང་དང་རྒྱ་ནག་གཉིས་ཀྱི་ལུགས་གང་ཡིན་པར་དཔྱད་པས་ཞང་ཞུང་དང་རྒྱ་ནག་གཉིས་ཀྱི་རྩིས་ཀྱི་ཁུངས་ཡང་གཡུང་སྟོན་བོན་རྣམས་ཀྱིས་གཅིག་ཡིན་པར་བཞེད་པ་དང་།   ཞང་ཞུང་གི་ལོ་འགོ་འཛིན་སྟངས་ནི།   དཔྱིད་ཟླ་ར་བ་སྟག་གི་ཟླ་བ་དང་།   དེའི་ཚེས་བཅོ་ལྔ་ནི་སྐར་མ་རྒྱལ་ཡིན་པར་འདོད་པ་སངས་རྒྱས་གཤེན་རབ་ཀྱི་འཁྲུངས་ལོ་ལས་ཤེས་ཐུབ།   ( མདོ་དྲི་མེད་གཟི་བརྗིད་ལས། ) དེ་ལ་རྒྱལ་བུས་བཀའ་སྩལ་པ་ཉོན་ཅིག་ཡབ་ཅིག་རྒྱལ་པོ་ལགས།   བདག་གཤེགས་པའི་དུས་ཚོད་ཀྱང་མ་ངན་ཏེ།   ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། ནན་གྱི་འགྲོ་དོན་མཛད་ཅིང་།   ཞིབ་ཏིག་གི་བསྟན་པ་སྤེལ་བ་ལགས་སོ།   །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་གཤེགས་པ་ནི་མཛད་པ་བཅུ་གཉིས་མཐར་ཕྱིན་པ་ལགས་སོ།   །རྒྱལ་ཟླ་དང་འབྲེལ་གཞི་ཆགས་པའི་ལོ་སར་གྱི་བཤད་པ་ལ་ཟླ་བ་གང་ཡིན་པ་ཟླ་བ་དེའི་ཉ་སྐར་ནི་རྒྱལ་ཟླ་ཡིན་པ་དེ།   ཡ་ཐོག་ཞང་ཞུང་གི་ཡུལ་གྱི་ལོ་འགོ་དཔྱིད་ཟླ་ར་བ་ནི་དེང་གི་ཧོར་ཟླ་བཅུ་གཉིས་པ་ཡིན་པ་སྨོས་མ་དགོས་པར་དེབ་ཁག་དག་ལས་ཀྱང་གསུངས་ཡོད།   དེའི་ཕྱིར་ཡ་ཐོག་གི་བོད་ཀྱི་ལོ་སར་ཡང་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་མངོན་པ་ཡིན།   དེང་སྐབས་ཀྱང་མདོ་སྨད་ཀྱི་ཡུལ་གྲུ་མང་ཆེ་ཤོས་ན་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཞེས་ཟེར་བའི་ཐ་སྙད་ཅེས་ཀྱང་གྲུབ།   ཧོར་ཟླ་དང་པོ་ལ་རྒྱ་ལོ་ཞེས་འབོད་སྲོལ་མ་ཉམས་པར་གནས་ཡོད་པས་ཀྱང་གསལ་བོར་བྱེད་ཐུབ།   ཅེས་པ་དེ་དང་མཐུན་པར་(མཛོད་སྒྲ་འགྲེལ་ལས།)   དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན།   སྙིང་པོ་སྟག་གིས་འཛིན་ནོ།   ། སྐར་མ་རྒྱལ་གྱིས་ཚེས་སོ།   ། ནམ་ཟླ་དཔྱིད་ཟླ་རའོ།   ། ཞེས་དང་།   རྒྱ་གར་བས་ལོ་སར་ཡང་འདི་ཉིད་ཡིན་པ་གསལ་ཏེ།   (འགྲོ་མགོན་ཆོས་རྒྱལ་འཕགས་པས།) ཟླ་བས་དབུས་འགྱུར་ཚལ་དུ་ནི།   ། རྒྱལ་གྱི་ཟླ་བས་ཐོག་མར་འདྲེན།   ། ཞེས་( མཛོད་འགྲེལ་བླ་ཆེན་དྲན་པ་ནམ་མཁས་གློག་རྡུལ་འཕྲུལ་དེབ་ལས། ) རྒྱལ་ཟླ་ལོ་འགོ་འཛིན་པ་དང་བོད་ཡ་ཐོག་གི་ལོ་འགོ་དང་ཞང་ཞུང་གི་ལུགས་གཉིས་ཀ་ཡང་གོང་དུ་བཤད་པ་ལྟར་གསལ།   དུས་རབས་དགུ་བའི་བོད་ཀྱི་ལོ་སར་ལ་དེའི་རྗེས་སུ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་རྒྱ་ནག་དང་བོད་གཉིས་ཀྱི་ལོ་སར་དང་ཟླ་འགོ་འཛིན་སྟངས་གཅིག་མཚུངས་ཡིན་པར་གསལ་བས།   དུས་དེ་ཙམ་ནས་བཟུང་བོད་ཀྱིས་སྔར་གྱི་ཞང་ཞུང་གི་ལུགས་ཀྱི་ལོ་འགོ་འཛིན་སྟངས་དོར་ནས་རྒྱ་ནག་གི་རྩིས་རྗེས་སུ་འབྲངས་བར་མངོན་པས།    ར་ས་འཕྲུལ་སྣང་གཙུག་ལག་ཁ་མདུན་དྲུང་གི་བོད་རྒྱ་དབོན་ཞང་མོ་ལ་བའི་རྡོ་རིང་གི་ཤར་གི་ཤང་ངོས་སུ།   རྒྱ་ཡུལ་དུ་ཎི་ཀེང་ཤིའི་ནུབ་ཕྱོགས་ཤིག་སང་སིའི་དྲུང་དུ།   བོད་ཆེན་པོའི་ལོའི་མྱིང་ཎི་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་མྱིང་ཎི།   ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གི་ལོའི་སྤྱི་ལོ༨༢༡དགུན་ཟླ་ར་བ་ཚེས་བཅུ་ལ།   དཀྱིལ་འཁོར་ལ་འཛེགས་ནས།   རྒྱ་ཡིས་གཙིགས་བཟུང་ངེས་།   སོགས་གོང་ཞུས་( དོན་འགྲུབ་རྒྱལ་གྱི་པོད་ཚོགས་བཞི་བ་ལས། ) དེ་ལྟར་བརྩིས་ན་བོད་ཀྱི་དཔྱིད་ཟླ་ར་བ་དང་རྒྱའི་ཟླ་བ་དང་པོ་གཉིས་གཅིག་མཚུངས་ཡིན་པས་དེ་དུས་བོད་ཀྱི་ལོ་འགོ་སྟེ་ལོ་སར་ཡང་རྒྱ་ནག་དང་གཅིག་ཏུ་འགྱུར།   དུས་རབས་དགུ་བའི་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་སར་གཅིག་མཚུངས་ཡིན་ཀྱང་།   དེའི་རྗེས་བོད་སིལ་བར་ཐོར་རྗེས་བོད་ཡུལ་དུ་རྒྱལ་ཟླ་དང་མཆུ་ཟླ་གང་རུང་ལ་ལོ་སར་དུ་བཟུང་བའི་ལུགས་གཉིས་ཀ་མཉམ་པར་གནས་ཤིང་བོད་ཡོངས་ལ་ཐུན་མོང་དུ་དབང་བའི་ལོ་སར་ཞིག་མེད་པར་གྱུར་བ་མངོན་ཏེ།   བོད་ཟླ་བཅུ་གཉིས་པའི་བོད་ཚེས་གཅིག་ལ་རྒྱ་རྩིས་པས་ལོ་འགོ་འཛིན་པར་ངེས་སོ།   །   རྒྱ་ནག་པས་སོ་ནམ་ལོ་གསར་དང་།   རྒྱ་ནག་ཞིང་རྩིས་ལོ་གསར་ཡང་ཟེར།   དེ་ཡང་རྒྱ་ཟླ་བཅུ་གཉིས་པ་དང་།    ཧོར་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་འཛིན་པ་གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་ལུགས་དང་། ( འཆི་མེད་མཛོད་ལས། ) མགོ་ནི་རི་དྭགས་མགོ་ཡིན་ཏེ། །དེ་ནི་དུས་ཀྱི་དང་པོར་བརྗོད། །ཅེས་དགུན་ཟླ་ར་བ་མགོའི་ཟླ་བ་ནས་འཛིན་ཞེས་གསུངས། ཡང་བོད་ཟླ་བཅུ་གཉིས་པའི་རྒྱལ་ཟླའི་ཚེས་གཅིག་ལ་བོད་སྤྱི་ཡི་ལོ་ཆུང་དང་འབྲོག་པས་བེའུ་ལུག་ལོ་སར་དང་། ཞིང་པས་ལོ་སར་ཟེར།   སྒོས་སུ་གཡུང་དྲུང་བོན་ལུགས་སུ་སྟོན་པ་གཤེན་རབ་མི་བོ་དཔྱིད་ཟླ་ར་བའི་ཉ་ལ་འཁྲུངས་བའི་གཏན་ཚིགས་ལྟར་རྒྱལ་ཟླ་དཔྱིད་ཟླ་ར་བར་ངོས་འཛིན་གནང་མཁན་བོན་པོ་རྣམས་དང་།   དེང་གི་མངའ་རིས་ཀྱི་འབྲོག་ཁུལ་མང་ཆེ་བ་དང་།   བོད་དུ་གཞིས་ཀ་རྩེའི་ས་ཁུལ་ཕལ་ཆེ་བའི་སོ་ནམ་ལོ་སར་ཞེས་ལོ་སར་གྲ་རྒྱས་ཤོས་དེ་ཡིན།   བོན་པོ་ནི་གཞིས་ཀ་རྩེ་གཤེན་གྱི་གདན་ས་རི་རྒྱལ་དགོན་ཏེ་ཁྲི་རྟེན་ནོར་བུ་དང་།   བལ་ཡུལ་ཁྲི་རྟེན་ནོར་བུའི་རྩེའི་དགོན་པ་སོགས་འབྲེལ་བའི་དགོན་སྡེ་ཁག་གི་ལོ་སར་འདི་ཡིན།     ལུགས་འདིའི་ཁུངས་ནི་བོན་པོས་སྟོན་པ་གཤེན་རབ་དང་ཡུལ་གྱི་སྲོལ་ལ་བརྟེན་ནས་བཅུ་གཉིས་པ་རྒྱལ་ཟླའི་ལོ་སར་ཡིན།     ( ཁ་རྒྱུན་ལས། )   ལོ་ཨེ་སར་རྒྱལ་ལ་ལྟོས། །   གོས་ཡོད་ན་འབྲུག་སྦྲུལ་གཉིས་ལ་གྱོན། །   ཞེས་ཟེར་སྲོལ་ཡོད་པ་དང་།   ཡང་ན་བོད་དུ་ལོ་སར་འདི་ཡི་ཁུངས་ནི་བོད་མིས་རྒྱ་བཟའ་ཀོང་ཇོ་ལ་ལོ་སར་ནམ་ཞིག་ལ་རོལ་ཞེས་དྲིས་པར།   ཀོང་ཇོས་ལོ་སར་ང་མ་མ་འདྲི།   སྐར་མ་རྒྱལ་ལ་དྲིས་ཞེས་གསུངས་པའི་ཚུལ་ཡོད་པས།   སྤུ་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་ལོ་སར་རྒྱལ་ཟླར་གཏོང་སྲོལ་བྱུང་ཡོད་པར་འདུག   འགའ་ཞིག་གིས་ཁྲི་སྲོང་ལྡེ་བཙན་ཟེར་དོན་དུ་མགོ་ཟླ་དང་རྒྱལ་ཟླ་གཉིས་ཀྱི་ལོ་སར་རོལ་སྟངས་ཀྱི་ཁུངས་ནི་ཁོང་རྣམ་གཉིས་ལ་ཐུག་ཡོད་ཅིང་འདི་ནི་རྒྱལ་ཟླ་ལ་ལོ་འགོ་བརྩི་བའི་ལུགས་ཡིན།   དེ་བཞིན་དུ་རྒྱ་ནག་ཞིང་རྩིས་རྙིང་པའམ་ནག་རྩིས་ལུགས་ལྟར་དཔྱིད་གསར་དུས་ཆེན་འདི་དང་མཐུན་ཆེ་བ།   དེང་དུས་མདོ་སྨད་ཨ་མདོའི་ཁག་གཅིག་གིས་དཔྱིད་སར་དུས་ཆེན་ལ་ལོ་སར་གྲ་རྒྱས་ཤོས་དེ་འདི་ལ་གཏོང་མཁན་ཡོད་པར་འདུག་ཅེས་གསུང་ཚུལ་མང་པོ་ཡོད།
    ( ) བོད་ཟླ་བཅུ་གཅིག་པའི་ལོ་སར་ནི།   བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གཏོང་བའི་ལོ་སར་རམ་ལྟོགས་བླའི་ལོ་སར།   འདིའི་སྐོར་ལ་ཞང་ཞུང་སྲིད་པའི་གྲེ་འགྱུར་ལས།   ལ་དྭགས་རོང་པའི་ལོ་སར།    ཕྱོགས་པའི་ལོ་སར་ཡང་ཟེར།   བོད་ཟླ་བཅུ་པའི་ཚེས་ཉེར་དགུའི་ལ་དགུ་ཐུག་འཐུང་བ་དང་མེ་རོ་དབྱུགས་ནས་ལོ་གཅིག་བགེགས་བར་དག་པར་བྱེད་སྲོལ་དང་ཚེས་སུམ་ཅུ་ཉིན་ཐབ་གཟན་ཟ་བ།   ཟླ་བཅུ་གཅིག་ཚེས་གཅིག་ཉིན་ལོ་སར་གྱི་གཟབ་མཆོར་སྤྲས།   ཞེས་སོགས་གསལ་བ་ལྟར་ལ་དྭགས་དང་མངའ་རིས་ཁུལ་གྱི་ལུང་པ་འགར་ལོ་སར་དེ་གཏོང་སྲོལ་ཡོད་པ་དང་།   དེ་མིན་གཙང་ཁུལ་གྱི་ལུང་པ་མང་པོར་ལོ་སར་འདི་གཏོང་གིན་ཡོད་ལ་དབུས་ཕྱོགས་ཀྱི་ལུང་པ་འགར་ཡང་གཏོང་སྲོལ་ཡོད་པར་སྣང་སྟེ།   སྙེ་མོ་རྫོང་སྙེ་མོ་ཤང་གི་གནས་ཡུལ་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དེར་ཟླ་བཅུ་གཅིག་པའི་ལོ་སར་དང་བཅུ་གཉིས་པའི་ལོ་སར་ཏེ་སོ་ནམ་ལོ་སར།   ཧོར་ཟླ་དང་པོའི་ལོ་སར་བཅས་ལོ་སར་གསུམ་གཏོང་གི་ཡོད་ཀྱང་ཟླ་བཅུ་གཅིག་པའི་ལོ་སར་འདི་རྒྱས་ཤོས་གཏོང་གིན་འདུག   ཁོང་ཚོས་ལོ་སར་སྔོན་ལ་བཏང་བ་དེར་སྙེ་མོ་བ་གཞན་ཚོས་ལྟོགས་བླའི་ལོ་སར་ཞེས་བརྗོད་ཀྱིན་འདུག   དེས་ན་ཁོང་ཚོར་ལོ་གཅིག་ལ་ལོ་སར་ཐེངས་གསུམ་གཏོང་བ་དང་།   ཡང་ན་བོད་ཀྱི་རྩིས་རིགས་འགའ་ཞིག་ནི་ནག་རྩིས་རྙིང་མའི་ལུགས་ནི་བོད་བཅུ་གཅིག་མགོ་ཟླ་ལ་དཔྱིད་ར་བརྩི།   དོན་ངོ་མ་རྒྱ་ནག་ལུགས་རྙིང་གི་ནག་རྩིས་ལོ་འགོ་ནི་ད་ལྟའི་ཀྲུང་གོའི་དཔྱིད་སར་དུས་ཆེན་ཡིན་པས།   དེ་ནི་རྒྱ་ནག་ལུགས་རྙིང་གི་དཔྱིད་སར་དུས་ཆེན་དང་བོད་ལུགས་བར་གྱི་ཟླ་བཤོལ་འདོན་ཚུལ་ལུགས་གཉིས་མི་འདྲ་བས་སྐབས་འགར་ཟླ་གཅིག་གི་སྔ་ཕྱི་ཡོད་པའི་དབང་གིས་དཔྱིད་སར་དུས་ཆེན་ནི་རྒྱལ་ཟླ་ལ་ཁེལ་བ་མང་།   བོན་གྱི་མདོ་གཟེར་མིག་སོགས་རྩིས་གཞུང་འགའ་ཞིག་དང་།   བོད་ཀྱི་འབྱུང་རྩིས་འགའ་ཤས་ཀྱི་ལུགས་སུ་རྒྱལ་ཟླ་ནི་དཔྱིད་ཟླ་ར་བ་བརྩིས་ནས་བཤད་པ་ཡང་ཡོད། བོད་ཟླ་བཅུ་གཅིག་པ་མགོ་ཟླའི་ཚེས་གཅིག་ལ་བོད་ཀྱི་མངའ་རིས་ལོ་སར་དང་ཀོང་པོ་སྤོ་བོའི་ལོ་སར་ཡིན།   མངལ་རིས་ལོ་སར་ནི་མགོ་ཟླ་ལོ་སར་འདིར་སྔོན་ཆད་མངའ་རིས་ཀྱི་ཁུལ་ཕལ་ཆེར་དང་ལ་དྭགས།   ཟངས་མཁར།   ཡ་ཙེའི་ཁོངས་སུ་གཏོགས་པའི་དོལ་པོ་དང་མུ་གུམ།   གློ་བོ་སོགས་ཕལ་ཆེར་ཟླ་བ་འདིར་རོལ་གཏོང་བྱེད་ཡོད་འདུག   འོན་ཀྱང་དེང་མོན་འཚེར་དང་གངས་ཟག   སྒར་ཁུལ་དང་རུ་ཐོག་ཁུལ་གྱི་འབྲོག་ཁུལ་མང་པོ་ཞིག་ཐོན་སྐྱེད་ཀྱི་དགོས་མཁོའི་དབང་གིས་རྒྱལ་ཟླའམ་ཧོར་ཟླ་བཅུ་གཉིས་པར་བསྒྱུར་ཏེ་གཏོང་བར་བྱེད་ཀྱི་འདུག་མོད།   དེ་སྔའི་ཡིག་ཆ་དང་རྒན་རབས་ཀྱི་བཤད་རྒྱུན་ལས་མངའ་རིས་ཆོས་རྒྱལ་གྱི་མངའ་ཁུངས་གཏོགས་པའི་རོང་འབྲོག་གི་ཡུལ་ལུང་ཕལ་ཆེར་ཟླ་བ་འདིར་ལོ་སར་གཏོང་སྲོལ་ཡོད་པ་གསལ།   མངའ་རིས་ལོ་སར་ལ་དེང་སང་སྤུ་རོང་དང་གུ་གེའི་ལོ་སར་འང་ཟེར།   མངའ་རིས་ལོ་སར་གཏོང་སྲོལ་འདི་ནི་འདི་སྐྱིད་སྡེ་ཉི་མ་མགོན་གྱི་ཡབ་མེས་སྲོང་བཙན་ནམ་ཁྲི་སྲོང་ལྡེ་བཙན་གྱི་རྗེས་སུ་འབྲངས་ཡོད་པར་ངེས།   ཀོང་པོ་སྤོ་བོའི་ཡུལ་གྱི་ལོ་སར་ནི་གསུམ་དུ་བརྩི་སྟེ།   བྱིས་པའི་ལོ་སར་ནི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་གཏོང་བ་ཡིན།   མི་ནག་ལོ་སར་དེ་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ཉིན་ལ་གཏོང་བ་ཡིན།   སྤོ་བོའི་ཁུལ་གྱི་སོ་ནམ་པའི་ལོ་སར་ཡིན་ལ།   མིང་ལ་ལོ་ཆུང་ལོ་སར་ཞེས་ཟེར་ཡང་དོན་དངོས་ཐོག་སྤོ་བོའི་ལོ་སར་རྒྱས་ཤོས་ཡིན།   རྒྱལ་པོའི་ལོ་སར་དེ་ནི་བོད་ཡོངས་ཀྱི་ལོ་སར་ཡིན་པས་དེ་ལ་སྤོ་པོའི་ཁུལ་དུ་ལོ་ཆེན་ཡང་ཟེར།   འདི་ཡི་ཁུངས་ནི་གོང་དུ་འབྱུང་རྩིས་ཀྱི་ས་བདག་འཁོར་ལོའི་ལོ་འཕོ་བརྗེ་བའི་ལུགས་ལྟར་ལོ་འགོ་འཛིན་ཚུལ་གྱི་ལུགས་དང་།   སྤུ་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བོད་ཁམས་སྤྱི་ཡི་ལོ་སར་ཡིན་།   འགའ་ཞིག་གིས་སྲོང་བཙན་གྱི་སྐབས་ཀྱི་ལོ་སར་ཡང་ཟེར།

    ( )   བོད་ཟླ་བཅུ་བ་ནི་ཀོང་པོ་དང་ཤར་པ་སོགས་ཀྱི་ཁོངས་སུ་བོད་ཟླ་བཅུ་བའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཞིག་ཡོད་པ་དེའི་སྐོར་ལ་གོང་གསལ་ ( ལྷ་ས་སྐྱིད་ཆུའི་དུས་དེབ་དེ་ལས། )དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཇོ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ་ནས་བཟུང་སྔ་འགྱུར་རྒྱ་རྩིས་རྙིང་མའི་ལུགས་དང་ཡང་འགྱུར་གསལ་སྒྲོན་སྦས་བཅས་མེད་པའི་ལུགས་རྒྱ་བཟའ་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་གཞིའམ་དཔེ་ཆའི་མིང་།   ཞེས་པ་ལས་སྟག་གི་ཟླ་བཅུ་བའི་ཚེས་གཅིག་ལོ་འགོར་བཟུང་ནས་ལོ་གསར་གཏོང་བ་ཀོང་ཇོ་སྔ་མའི་ལུགས་ཞེས་གསལ་བ་ལྟར་དུས་རབས་བདུན་པ་ནས་དར་བའི་སྲོལ་ཞིག་ཡིན་པར་བཤད་པ་དང་།   ཡང་ན་བོད་ཟླ་བཅུ་བའི་སྨིན་དྲུག་ཟླ་བའི་ཚེས་གཅིག་ནི་ཀོང་པོ་ལོ་སར་ཡིན།   ཀོང་པོའི་ལོ་སར་ནི་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དང་།   དེའི་ཕྱོགས་ཀྱི་ཁུལ་དག་ཏུ་བཤད་རྒྱུན་ཞིག་ལ།   སྔོན་ཀོང་པོ་ས་ཁུལ་ཡང་བོད་ཁུལ་གཞན་དག་དང་འདྲ་བར་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལོ་སར་གཏོང་བ་ཡིན།   བོད་བཙན་པོའི་རྒྱལ་རབས་དུས་སུ། ལོ་ཞིག་གི་སྟོན་དུས་ཤིག་ལ། ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་གྱིས་ཚུར་རྒོལ་བྱས་ཙ་ན།   ཀོང་པོའི་རྒྱལ་པོས་ལམ་སང་སྐྱེས་པ་རྣམས་དམག་ཏུ་བསྡུས་ནས་དམག་འཐབ་ཏུ་བསྐྱོད་འགོ་བརྩམས་པའི་ཚེ།   རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ཀྱི་སེམས་གསོའི་ཆེད་དུ་ལོ་སར་སྔོན་ལ་གཏོང་རྒྱུ་བཀའ་བཏང་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག་རྗེས་ད་གཟོད་ལམ་ལ་ཆས་རྒྱུ་བྱས།   མཐའ་མར་སེམས་དོན་དེ་གྲུབ་པའི་དམག་དཔོན་རྣམས་ཀྱི་དཔའ་ངར་ཞུམ་མེད་ཀྱིས་སྟོབས་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བརྒྱབ་ནས་རྒྱལ་ཁ་ལོན།   དུས་དེ་ནས་བཟུང་ཀོང་པོ་བ་རྣམས་ཀྱིས་ལོ་སར་དེ་བོད་ལུགས་ཀྱི་ཟླ་བ་བཅུ་བའི་ནང་གཏོང་བའི་སྲོལ་དེ་ཆགས་སོ་ཞེས་བཤད་དོ། །
    ( ) “ཧོར”དང་ཧོར་ཟླ་བཤད་པ་འདི་ལ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཐ་སྙད་འདི་དག་གི་ཐད་ནས་སྐུ་ལས་མང་ཙམ་འཕྲད་མྱོང་ཟེར་ཡོད་པ་དང་།   ད་སྐབས་བོད་རིག་པ་བ་དག་གིས་དམིགས་གཏད་ཀྱི་ངེས་བཟུང་བྱེད་ས་ཞིག་རྙེད་མེད་ན་ཡང་“ཧོར”ཞེས་པ་ནི་བྱང་རྒྱུད་མི་རིགས་སྤྱི་ཡི་མིང་ཡིན་ཞེས་བརྗོད་པ་འདུག   བྱང་རྒྱུད་ན་འཚོ་བའི་མི་རིགས་དག་ལ་“ཧོར”་ཞེས་འབོད་པར་བཤད་པ་ནི་ལོ་རྒྱུས་དེབ་ཐེར་དག་ཏུ་ཧོར་རིགས་རྣམས་ཕལ་ཆེ་བ་བྱང་རྒྱུད་ལ་ཡོད་པ་ཚོད་དཔག་བྱས་པ་ཙམ་ལས།   གཞན་ཕུ་ཁུངས་ཆོད་པའི་དཔྱད་གཞི་ཅི་ཞིག་ཡོད་མེད་མ་ངེས།   རྒྱལ་མོ་འབྲུག་པ་སོགས་ཀྱིས་“ཧོར”་ཞེས་པ་ནི་ཆེས་གནའ་བོའི་དུས་སུ་བྱང་ཕྱོགས་སུ་གནས་པའི་མི་རིགས་དག་ལ་གོ་ཡང་། ཕྱིས་སུ་གོ་དོན་སྣ་ཚོགས་བྱུང་བར་བཤད་འདུག་མོད་བྱང་ཕྱོགས་ཀྱི་མི་རིགས་དག་ལ་“ཧོར”་ཞེས་ཐ་སྙད་ཆེས་སྔ་མོར་བྱུང་ངམ་ཕྱིས་སུ་སྦྱར་བ་ཡིན་ད་དུང་དཔྱད་དགོས་པར་སེམས་ཞེས་པ་དང་།   ཡང་ན་ཇི་སྐད་དུ།   དུང་སྒང་བཞག་བྲ་ལྷ་རྩེ་ནི།   ཤར་ཕྱོགས་རྒྱ་ཡི་ལ་ཚིགས་ཡིན།   སྟག་ཆེན་བ་ལྭ་བྱ་བ་དེ། ལྷ་ཕྱོགས་འཇང་གི་ལ་ཚིགས་ཡིན།   ཕ་ཝང་རྨ་ལ་བྱ་བ་དེ།   ནུབ་ཕྱོགས་མོན་གྱི་ལ་ཚིགས་ཡིན།   ཆགས་སོ་གངས་དཀར་བྱ་བ་དེ།   བྱང་ཕྱོགས་ཧོར་ལ་ཚིགས་ཡིན། ལུང་ཚིག་འདི་ལས་ཕྱོགས་ཙམ་རྟོགས་པ་ལས་མིང་གི་རྒྱུ་མཚན་དང་ཅི་ལ་ཧོར་ཟེར་བའི་ཐ་སྙད་དེ་མ་ཤེས་པ་དང་།    ཡང་ན་མཁར་རྨེ་བསམ་གཏན་གྱི་དཔྱད་རྩོམ་( མདའ་དང་འཕང་། ) དུ་ལུང་ཆ་ཙང་དྲངས་ཏེ་མཆན་ཁ་ཤས་བཏབ་ཆེད་དམིགས་འདིའི་སྐོར་དཔྱད་ཞིབ་བྱས་འདུག   འོན་ཀྱང་། སྲིད་པ་རྒྱལ་བུ་འཐིང་གེའི་བཞུགས་གནས་རྨ་ཁ་བཞུར་གྱི་གོང་ཁ་ཞེས་པ་དང་།   འཐིང་གེའི་སྲས་བོད་ཧོར་རྒྱ་གསུམ་གྱི་ས་མིང་དག་གི་སྐོར་ཅི་ཡང་གླེང་མེད།   དེ་ལྟར་ན་ཡང་སྐབས་འདིའི“་ཧོར་”ཞེས་པ་ལ་མཆན་ཞིག་བཏབ་འདུག་པ་ནི་མོང་གོལ་ལ་གོ་དགོས་ཚུལ་འདུག་པ་དེ་རེད། “ཧོར”་ཞེས་པ་འདི་མོང་གོལ་ལ་གོ་བ་ནི་ཕྱིས་ཧོར་གྱི་རིགས་ལས་ཆད་པའི་ཇིང་གིར་རྒྱལ་པོ་མོང་གོལ་ནས་ཡིན་པའི་བཤད་སྟངས་དང་བསྟུན་ནས།   རྗེས་སུ་ཧོར་ཞེས་པ་མོལ་གོལ་གྱི་རིགས་ལ་གོ་དགོས་པ་ལྟ་བུར་གྱུར་པ་ལས་བྱུང་བའི་བག་ཆགས་ཤིག་ཡིན།   དཔྱད་པ་ཞིབ་ཚགས་བགྱིས་ཏེ་ཐོབ་པའི་འབྲས་བུ་ཞིག་ཡིན་མིན་བཤད་དཀའ་བ་ལགས། ཇིང་གིར་རྒྱལ་པོ་ནི་རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་ ༡༡༦༢ ལོར་སྐྱེས་ཤིང་། རང་ལོ་ཉེར་བརྒྱད་ཀྱི་སྐབས་སུ་ཡུལ་དེ་གའི་སྡེ་ཁྲི་ཁ་ཤས་དབང་དུ་བསྡུས་ནས་རིམ་གྱིས་མོང་གོལ་གྱི་རྒྱལ་ཁབ་བཙུགས་ཏེ། འཛམ་གླིང་སྟེང་གྲགས་པའི་ཧོར་རམ་སོག་པོའི་རྟ་དམག་ཅེས་པ་དེ་བྱུང་ཤིང་ཤར་ནུབ་གང་སར་དབང་བསྒྱུར་བས་ཕྱིས་སུ་ཧོར་ཞེས་པ་ནི་སོག་པོ་ལ་གོ་བ་ལྟ་བུ་བྱུང་། ཞེས་པ་དང་།   ལོ་རྒྱུས་ཇི་བཞིན་ཧ་མི་གོ་བ་འགའ་རེས་སོག་པོའམ་ཧོར་གྱིས་བོད་ཡུལ་དུ་མི་བསོད་ཁྲག་སྦྱོར་བྱས་པའི་རྒྱལ་ཁའི་རྟེན་འབྲེལ་བྱས་པར་ཧོར་ཟླ་དང་པོ་ཞེས་ཟེར་ཞིང་བོད་ཀྱི་ད་ལྟའི་ལོ་ཐོ་ལ་བོད་ཟླ་ཞེས་བྲིས་འདུག་པས།   དེ་ནོར་འདུག་སྔོན་གྱི་བོད་ཀྱི་ལི་ཐོའི་ནང་དུ་ཧོར་ཟླ་ཟེར་བྲིས་ཡོད་པ་མ་གཏོགས་བོད་ཟླ་ཟེར་བྲིས་མེད་ཅེས་བཤད་པ་དང་།   ཡང་འགའ་ཤས་ཀྱིས་སོག་པས་བོད་མི་བསད་པའི་སྐོར་དེ་ནི་ཧོར་ཟླ་དང་པོ་མ་རེད་་ཧོར་ཟླ་བཅུ་གཉིས་པ་རེད།   ཅེས་ཟེར་བ་སོགས་ནི་དེ་དག་གི་ཁུངས་ལུང་ངོ་མ་ཤེས་པས་དོན་མེད་ཀྱི་རྩོད་པ་ལས་གཞན་འགྲོ་ས་མེད།   ཧོར་ཟླའི་ཁུངས་ནི་རབ་བྱུང་བཞི་པའི་མེ་ཕག་༡༢༢༧ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་ནས་བཟུང་།   ཡོན་རྒྱལ་རབས་དང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་སར་གཏོང་སྲོལ་བྱུང་། ལུགས་དེའི་ཁུངས་ནི་དགུན་ཉི་ལྡོག་རྗེས་ཀྱི་ཟླ་བ་གཉིས་པ་དེ་ལོ་སར་གྱི་ཟླ་བ་དང་པོ་དང་།   དེ་ནས་གཉིས་པ་གསུམ་སོགས་བརྩི་བ་ནི་རྒྱ་ནག་ཞ་རྒྱལ་རབས་ཀྱི་རྗེས་འབྲངས་རྒྱ་ནག་གི་ཧོང་ལིའམ་ཞིང་རྩིས་ཀྱི་ལུགས་ཡིན།     ད་ལྟ་རྒྱ་ནག་ལུགས་རྙིང་དཔྱིད་གསར་དུས་ཆེན་དང་འདི་དང་མཐུན། ཞ་རྒྱལ་རབས་ནི་སྤྱི་ལོའི་གོང་དུ་ལོ་ཉིས་སྟོང་གཅིག་བརྒྱ་གོང་གི་རྒྱ་ནག་གི་རྒྱལ་རབས་ཤིག་ཡིན།   སོག་པོོའམ་ཧོར་གྱིས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པའི་མཛད་སྒོ་དང་ལོ་སར་དང་སྟབས་གཅིག་ཏུ་བསྟུན་པ་ལས། ཁུངས་མེད་ཀྱི་ལོ་སར་ཞིག་གསར་གཏོད་བྱས་པ་མ་ཡིན།   དེ་ནས་བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པའི་དུས་ནས་བཟུང་ས་སྐྱ་ལོ་ཐོ་ཚང་མར་དམིགས་སུ་བཀར་ཏེ།   ཟླ་བའི་མིང་ཚང་མར་ཧོར་ཟླ་ཞེས་འབོད་པ་ལས་བོད་ཟླ་ཟེར་སྲོལ་མེད།   ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩི་དགོས་པའི་བཀའ་ཕབ་པས།   ལོ་སར་དེར་བོད་ཀྱི་ལོ་སར་མི་ཟེར་བར་རྒྱལ་པོ་ལོ་སར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པ་ཚང་མས་ལོ་སར་གཏོང་སྲོལ་ཡོད་པ་སོགས་ཀྱི་འཕེལ་རིམ་བྱུང་ཡོད་པའི་བཤད་སྲོལ་ཡོད།   དེས་ན་བོད་ཀྱི་ལོ་ཐོ་ནི་བོད་དུ་དུས་འཁོར་རྩ་རྒྱུད་ཀྱི་དགོངས་དོན་གཙོ་བོར་གནང་བའི་གྲུབ་རྩིས་ཀྱི་ལུགས་ལ་ནག་རྩིས་ཟུར་དུ་བརྒྱན་ཏེ་ལི་ཐོ་གཏན་ལ་འབེབ་བཞིན་ཡོད་པས།   ཧོར་ཟླའི་ཁུངས་ནི་རྒྱ་ནག་ལུགས་རྙིང་ཞ་རྒྱལ་རབས་དུས་སུ་དར་བའི་རྒྱ་ནག་གི་དཔྱིད་སར་དུས་ཆེན་དང་མཐུན་པ་དེ་དང་།   བོད་ཀྱི་ལོ་གསར་བར་དུ་ནམ་རྒྱུན་ཕར་ཆེ་དེ་ཟླ་བ་གཅིག་གི་སྔ་ཕྱི་ཤོར་བཞིན་ཡོད་པ་དེ་ནི་ཟླ་ཤོལ་འདོན་ཚུལ་ལུགས་གཉིས་མི་འདྲ་བས་དབང་གིས་ཡིན་པས། དེང་སྐབས་བོད་ཀྱི་ལི་ཐོ་ཚང་མར་ཧོར་ཟླ་ཞེས་པའི་ཚིག་དེ་དོར་ཞིང་བོད་ཟླ་དང་པོ་དང་གཉིས་པ་སོགས་བརྗོད་པ་ལ་ལི་ཐོ་ལས་བོད་ཟླ་བའི་རྒྱུ་མཚན་ནི་དེ་ལྟར་ཡིན། ཧོར་ཟླ་ཅི་ལ་དོར་ཞེ་ན། ( ཚེ་ཏན་ཞབས་དྲུང་གིས་རྒྱ་རྩིས་གོ་དོན་ལས། ) ཧོར་ཟླ་ཞེས་པའི་ཐ་སྙད་འདི་གང་ལས་བྱུང་ཞེ་ན་ཧོར་ཇིང་གིར་རྒྱལ་བོ་ཆིང་གེ་སེས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་ལོ་སར་གྱི་ཟླ་བར་བཟུང་བ་ནས་མཆུ་ཟླ་བ་དེ་ཟླ་བ་དང་པོར་བྱེད་པའི་སྲོལ་རྒྱ་བོད་ཧོར་གསུམ་དུ་དར་བར་གྱུར་པ་ལས།   བོད་རང་གཞུང་གི་རྩིས་ལ་ནི་ཧོར་ཟླ་ཞེས་པའི་ཐ་སྙད་དགོས་དོན་མེད་དོ།།   དེར་མ་ཟད་བུ་སྟོན་ཐམས་ཅད་མཁྱེན་པས།   ཀྱེ་མ་གངས་ཅན་ཁྲོད་འདི་ན། །   མཁན་སློབ་ཁྱིམ་པས་བྱེད་པ་དང་།   །   སྡོམ་པ་གཏོར་མས་ལེན་པ་དང་།   །   དུས་གོ་ཧོར་ཟླར་བྱེད་པ་མང་།   ། ཞེས་དགེ་ཚུལ་སློང་གི་སྡོམ་པའི་དུས་གོ་བརྗོད་སྐབས་ཧོར་ཟླའི་མིང་གིས་སྨོས་ན་འདུལ་མངོན་དང་མི་མཐུན་པའི་ཕྱིར་འཁྲུལ་བར་གསུངས་སོ།   །ཕྱི་དུས་ཀྱི་འཁོར་ལོའི་ཚུལ་ལ་མ་སྦྱངས་པར་སྐར་རྩིས་རྒྱ་མཚོ་ཆེན་པོའི་འཇིང་ལ་མུན་པའི་འདོམ་འཇལ་བྱེད་འདོད་པ་ནི་ཆེས་བཞད་གད་ཀྱི་གནས་སོ།   །   འདིར་བོད་རྩིས་ཀྱི་འགངས་ཙམ་བཀོད་པ་ལས་རྒྱས་པར་གཞན་དུ་བལྟའོ།   ། ཞེས་གསུངས་ལས་ཀྱང་ཧོར་ཟླ་ཞེས་པ་འདི་མ་བརྩིས་ཀྱང་ཆོག་པར་འདོད་དོ། །

    ( )   ལོ་འགོ་འཛིན་མཚམས་ནི་ཟླ་བ་སོ་སོ་ར་འབྲིང་ཐ་གསུམ་སྦྱར་བའི་བཅུ་གཉིས་ནི། དཔྱིད་ར་སྟག་ནས་འགོ་བཟུང་སྟེ།།   དགུན་ཐ་གླང་གི་བར་དག་ཏུ།།   རིམ་བཞིན་ར་འབྲིང་ཐ་གསུམ་སྦྱར།།   དཔྱིད་ཟླ་ར་འབྲིང་ཐ་གསུམ་སྦྱར་ནས་རྟོགས་ཏེ། ༼   ༡   ༽   ཟླ་བ་དང་པོའི་མིང་གཞན།    ཧོར་ཟླ་དང་པོ།   དཔྱིད་ཟླ་ར་བ།   སྟག་ཟླ།   མཆུ་ཟླ།   རྟ་ཟླ།   ཆོ་འཕྲུལ་ཟླ་བ།   ( དེང་སྐབས་དམངས་ཁྲོད་དུ་ ) རྒྱུན་སྤྱོད་ཀྱི་ལུགས་སྲོལ་ཁྱི་ཟླ་ཟེར། ༢   ཟླ་བ་གཉིས་པའི་མིང་གཞན།   ཧོར་ཟླ་གཉིས་པ། དཔྱིད་འབྲིང་པོ།   ཡོས་ཟླ།   དབོ་ཟླ།   ( དམངས་ཁྲོད་ལུགས་ ) ཀྱི་ཕག་ཟླ།   ༣ ཟླ་བ་གསུམ་པའི་མིང་གཞན།   ཧོར་གསུམ་པ།   དཔྱིད་ཟླ་ཐ་ཆུང་།   འབྲུག་ཟླ། ནག་པ་ཟླ་པ།   ( དམངས་ཁྲོད་ལུགས་ ) ཀྱི་བྱི་ཟླ།     ༤ ཟླ་བ་བཞི་པའི་མིང་གཞན།   ཧོར་ཟླ་བཞི་བ།   དབྱར་ཟླ་ར་བ།   སྦྲུལ་ཟླ།   ས་ག་ཟླ་བ།   ( དམངས་ཁྲོད་ལུགས་) ཀྱི་གླང་ཟླ།    ༥ ཟླ་བ་ལྔ་བའི་མིང་གཞན།   ཧོར་ཟླ་ལྔ་བ།   དབྱར་འབྲིང་བ།   རྟ་ཟླ།   སྣྲོན་ཟླ།   ( དམངས་ཁྲོད་ལུགས་ ) ཀྱི་སྟག་ཟླ།༦   ཟླ་བ་དྲུག་པའི་མིང་གཞན།   ཧོར་ཟླ་དྲུག་པ།   དབྱར་ཐ་ཆུང་།   ལུག་ཟླ།   ཆུ་སྟོད་ཟླ་བ།   ( དམངས་ཁྲོད་ལུགས་ ) ཀྱི་ཡོས་ཟླ།   ༧   ཟླ་བ་བདུན་པའི་མིང་གཞན།   ཧོར་ཟླ་བདུན་པ།   སྟོན་ར་བ།   སྤྲེལ་ཟླ།   གྲོ་བཞིན་ཟླ་བ།   ( དམངས་ཁྲོད་ལུགས ) ་ཀྱི་འབྲུག་ཟླ།   ༨   ཟླ་བ་བརྒྱད་པའི་མིང་གཞན།   ཧོར་ཟླ་བརྒྱད་པ།   སྟོན་འབྲིང་པ།   བྱ་ཟླ།   ཁྲུམས་སྟོད་ཟླ་བ།   ( དམངས་ཁྲོད་ལུགས་ ) ཀྱི་སྦྲུལ་ཟླ།༩   ཟླ་བ་དགུ་བའི་མིང་གཞན།   ཧོར་ཟླ་དགུ་བ།   སྟོན་ཐ་ཆུང་།   ཁྱི་ཟླ།   ཐ་སྐར་ཟླ་བ།   ( དམངས་ཁྲོད་ལུགས་) ཀྱི་རྟ་ཟླ།   ༡༠   ཟླ་བ་བཅུ་བའི་མིང་གཞན།   ཧོར་ཟླ་བཅུ་བ།   དགུན་ཟླ་ར་བ།   ཕག་ཟླ།   སྨིན་དྲུག་ཟླ་བ།   ( དམངས་ཁྲོད་ལུགས་) ཀྱི་ལུག་ཟླ།   ༡༡   ཟླ་བ་བཅུ་གཅིག་པའི་མིང་གཞན   ཧོར་ཟླ་བཅུ་གཅིག་པ།   དགུན་འབྲིང་།   བྱི་ཟླ།   མགོ་ཟླ་བ།   ( དམངས་ཁྲོད་ལུགས་) ཀྱི་སྤྲེལ་ཟླ།   ༡༢   ཟླ་བ་བཅུ་གཉིས་པའི་མིང་གཞན།   ཧོར་ཟླ་བཅུ་གཉིས་པ།   དགུན་ཐ་ཆུང་།   གླང་ཟླ།   རྒྱལ་ཟླ་བ།   ( དམངས་ཁྲོད་ལུགས་ཀྱི་) བྱ་ཟླ།   བཅས་ཏེ་དམངས་ཁྲོད་ཀྱི་ཟླ་བར་སྦྱར་ནས་རིམ་བཞིན་ར་འབྲིང་ཐ་གསུམ་ལ་སྦྱར་ནས་བཀོད་པ་ཡིན།
    ( )   བོད་ཀྱི་ཟླ་བ་དང་པོ་བྱ་ཟླ་བྱས་ཏེ་བརྩི་བའི་ཚུལ་ནི།     དཔྱིད་ཟླ་གསུམ།   བྱ་ཆུ་ནག་ལམ་ནག   ཁྱི་བོ་ཐོ་ཁ་སེ།    ཕག་རི་སྐྱ་ཐང་སྔོན།     དབྱར་ཟླ་གསུམ།   བྱི་བ་རི་སྔོན་ཐང་སྔོན།   གླང་རྩྭ་སྨྱོ་ཆུ་སྨྱོ།   སྟག་ཁྲ་མེར་ཙིག་ཙིག   སྟོན་ཟླ་གསུམ།   ཡོས་ཁྲ་མོ་ནས་ཟན།   འབྲུག་ཤིང་ལོ་རླུང་འཁྱེར།   སྦྲུལ་རྔ་མ་འཁྱག་འབྱར།   དགུན་ཟླ་གསུམ།   རྟ་ཆུ་ཁར་དར་ཆགས།   ལུག་ཁ་བཤུད་སྣ་ཆད།   སྤྲེལ་ས་གས་རྡོ་གས།      ( ཀ )   ཟླ་བ་བརྩིས་པས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད།   (ངག་རྒྱུན་ལས།) ཟླ་བ་དང་པོ་དྲོད་མེ་སྟག་ཙམ་རྒྱ་མཚོའི་གཏིང་ན་ཡོད།   ཟླ་གཉིས་པ་རོག་ཉ་ཁྱུ་རེ་བེའུ་རེ།   ཟླ་གསུམ་པ་སྔོ་རྩེ་ཉག་ཉིག    ཟླ་བཞི་པ་རྒྱ་རིས་ཁྱུག་ཁྱུག   ཟླ་ལྔ་པ་སྔོ་ལུང་ལུང་སྔོ།    ཟླ་དྲུག་པ་རྩྭ་རྒྱུས་ཆུ་རྒྱུས།   ཟླ་བདུན་པ་རྡོ་ལ་མེ་ཏོག   ཟླ་བརྒྱད་པ་སྤང་ཁ་ཁྲ་ཁྲོལ།     ཟླ་དགུ་པ་ཤར་མགོ་ཁྲ་ཁྲོས།   ཟླ་བཅུ་པ་མཚོ་ལ་དར་ཆགས།   ཟླ་བཅུ་གཅིག་ས་གས།   ཟླ་བཅུ་གཉིས་པ་རྡོ་གས།   ( ཁ ) ( གནའ་བོའི་ཞང་ཞུང་རིག་གནས་དང་འབྲེལ་བའི་བོད་ཀྱི་རྩིས་རིག་ལ་དཔྱད་པ་ལས། )    ( ངག་རྒྱུན་འགའ་ཞིག་གིས་ ) ཟླ་བ་བཅུ་གཉིས་པོ་དེ་དག་རེ་རེ་མཚོན་བྱེད་དུ་སྲོག་ཆགས་བཅུ་གཉིས་བྱུང་བར་བྱས་ནས་བརྩི་སྲོལ་ཡང་འདུག་པ་འདི་ལྟར་སྟེ།   ཟླ་བ་དང་པོ་གཅན་གཟན་གྲ་འདོན་པ་སྟག་གི་ཟླ་བ།   ཟླ་བ་གཉིས་པ་སེམས་ཅན་རྣམས་སྒྱིད་པ་གྱོལ་ཞིང་ཚང་དྲུང་ཡིབ་པ་ཡོས་ཀྱི་ཟླ་བ།    ཟླ་བ་གསུམ་པ་འབྲུག་སྐད་འདོན་པ་འབྲུག་གི་ཟླ་བ།    ཟླ་བ་བཞི་པ་སྦྲུལ་ལངས་པ་སྦྲུལ་གྱི་ཟླ་བ།   ཟླ་བ་ལྔ་པ་རྟ་རྣམས་སོས་ཞིང་རྒོད་མས་རྟེའུ་འདྲེན་པས་རྟའི་ཟླ་བ།   ཟླ་བ་དྲུག་པ་སྤང་ལྗོངས་ཀྱི་ལོགས་སུ་ལུག་རྣམས་འགྲངས་པས་ལུག་གི་ཟླ་བ།   ཟླ་བ་བདུན་པ་ཤིང་ཐོག་སྨིན་པས་སྤྲེའུ་དགའ་བ་སྤྲེའུ་ཟླ་བ།   ཟླ་བ་བརྒྱད་པ་བྱ་མ་བུ་གཉིས་ཀ་གཟན་གྱིས་འགྲངས་པ་བྱ་ཡི་ཟླ་བ།   ཟླ་བ་དགུ་བ་ཁྱི་རྣམས་མཚང་ལངས་ཤིང་གྲོང་སྟོང་དུ་རྒྱུ་བ་ཁྱིའི་ཟླ་བ།    ཟླ་བ་བཅུ་བ་ཕག་ཕྲུག་འཚར་བས་ཕག་གི་ཟླ་བ།   བཅུ་གཅིག་བྱི་བ་རྣམས་ཕྱིར་མི་རྒྱུ་བའི་ཁུང་དུ་འགྲངས་པ་སྡོད་པ་བྱི་བའི་ཟླ་བ།    ཟླ་བ་བཅུ་གཉིས་རྩྭ་ཟ་ཆུ་འཐུང་དལ་བོར་སྡོད་པ་གླང་གི་ཟླ་བ།   བཅས་ཀྱང་གནའ་བོའི་ངག་རྒྱུན་འགའ་ཞིག་གཞི་ཆགས་ཏེ་གཙོ་བོ་ཞང་ཞུང་རིག་གནས་དང་འབྲེལ་བའི་བོད་ཀྱི་རྩིས་གཞུང་ལས་ཚུར་དྲངས་པ་ཡིན། ( ག ) ( རྒན་རབས་ངག་རྒྱུན་ལས།) ( གནའ་བོའི་ཞང་ཞུང་རིག་གནས་དང་འབྲེལ་བའི་བོད་ཀྱི་རྩིས་རིག་ལ་དཔྱད་པ་ལས།   )   ཟླ་བ་དང་པོ་ཁྱིའི་ཕྲུ་གུ་སྐྱེ་བའི་ཟླ་བ།   གཉིས་པ་ཕག་གི་མདོག་ལྟར་རི་ནག་ཐང་སྔོན་གྱི་ཟླ་བ།   གསུམ་པ་བྱི་བ་སྐེ་ལྟར་སྤོ་ཐོའི་སྐེ་སྔོན་པོར་གྱུར་པའི་ཟླ་བ།   བཞི་པ་གླང་གི་འགྲོས་ལྟར་དལ་ཞིང་ཉིན་མོ་རིང་བའི་ཟླ་བ།   ལྔ་པ་སྟག་གི་ལུས་ལྟར་སྤང་ངོགས་སུ་མེ་ཏོག་བཀྲ་བའི་ཟླ་བ།   དྲུག་པ་ཡོས་བུ་ཚང་ནས་བརྡོལ་བའི་ཟླ་བ།   བདུན་པ་འབྲུག་གི་སྐད་ཆག་པའི་ཟླ་བ།   བརྒྱད་པ་སྦྲུལ་གྱི་པགས་པ་བརྗེ་བའི་ཟླ་བ།   དགུ་པ་རྟའི་ཤེ་མོང་རྒྱས་པའི་ཟླ་བ།   བཅུ་བ་ལུག་གི་སྤུ་མདོག་དཀར་བོའི་ཟླ་བ།   བཅུ་གཅིག་སྤྲེལ་ལྟར་ལྷགས་རླུང་མྱུར་བའི་ཟླ་བ།   བཅུ་གཉིས་བྱ་ཁྱུ་ལྟར་ཐལ་རླུང་འཚུབ་པའི་ཟླ་བ་ཞེས་ཟེར།   རྒན་རབས་ངག་རྒྱུན་ལས་བོད་ཀྱི་ཟླ་བ་དང་པོ་ཁྱི་ཟླ་ནས་འཛིན་པས་ལོ་རྟགས་བཅུ་གཉིས་པོ་དུས་ཚིགས་བཞིའི་འགྱུར་བ་དང་བསྟུན་ནས་རིམ་བཞིན་དུ་བརྗོད་པ་ཡིན།( ང་། )   གཞན་ཡང་( ངག་རྒྱུན་དུ། ) རྟ་ཟླ། ལུག་ཟླ།   སྤྲེལ་ཟླ།   བྱ་ཟླ།   ཁྱི་ཟླ།   ཤིས་ཟླ།   རམ་ཟླ།   གཅོད་ཟླ།   ཆགས་ཟླ།   ཡོས་ཟླ།   འབྲུག་ཟླ།   སྦྲུལ་ཟླ་ཞེས་ཀྱང་འབོད་སྲོལ་འདུག   དེའི་རྒྱུ་མཚན་ནི་རྟ་ཟླ་ཞེས་རྒྱུ་སྐར་ཉེར་བདུན་ནང་གི་མཆུ་འམ་རྟ་ཆེན་གྱི་ཉ་བའི་ཕྱིར་ན་རྟ་ཟླ་ཞེས་སུ་གྲགས་པ་དང་།   ༡   རྟ་ཟླའི་ཉི་མ་ལོ། །   གོ་རིང་ཉི་མ་འཕུར་ཟད། །   ཅེས་དང་རྟ་ཟླའི་ཉི་རླུང་ཁམ་པ་ནང་།   དྲོད་མེ་སྟག་ཙམ་ཞིག་ས་ལ་ལྷུང་།   འཁྱག་རྟ་མགོ་ཙམ་ཞིག་གནམ་ལ་ཡལ།   དེ་ཚོར་མཁན་བྲག་ཐོག་གླ་བ་དང་ཆུ་ནང་ཉ་མོ་གཉིས་ཡིན།   ཞེས་ཟེར་སྲོལ་ཡོད།   ༢   དེ་ནས་རིམ་བཞིན་ཟླ་བ་གཉིས་པ་ལ་ལུག་ཟླ་དང་། (   ངག་རྒྱུན་ལས། ) ལུག་ཟླ་ཁྲ་ཉ་སྐར་མ་མང་།   །   ཁྲ་ཉ་རེ་བེའུ་རེ་ཞེས། །   ༣   གསུམ་པ་ལ་སྤྲེལ་ཟླ་ཞེས་སྦྱོར་བ་ཡིན།   སྤྲེལ་ཟླ་ལ་སྤྲེལ་རི་ཐང་ནག་ཅེས་རྩྭ་རྙིང་རྣམས་ཟད་ཅིང་རྩྭ་གསར་སྐྱེ་མ་ཐུབ་པས་ས་གཞི་མདོག་ནག་པོ་ཆགས་པ་ལ་ཟེར།   (   ངག་རྒྱུན་ལས། )   སྤྲེལ་ཉིན་རེ་བེའུ་རེ་ཞེས། །   ༤ ཟླ་བ་བཞི་བ་བྱ་ཟླ་སྤོ་ཐོ་སྐེ་སྔོན་མ་ཟེར་ནས།   ཉིན་སྦུག་དྲོ་ཁུག་གི་སྤོ་ཐོ་རྣམས་ཀྱི་འཁྲིས་སུ་རྩྭ་གསེང་སྔོ་ཅུང་ཟད་སྐྱེ་བ་དང་།   ཞིང་འབྲོག་རྣམས་ཟས་རྙིང་ཀུན་ཟད་ནས་ཟས་གསར་ཐོན་མ་ཐུབ་པས་བཟས་ཆས་དཀོན་ཤོས་ཀྱི་དུས་ཚིགས་ཡིན་ཞིང་།   ཡུལ་མིའི་( ངག་རྒྱུན་ལས། ) ཟས་ཡོད་ན་བྱ་སྤྲེལ་གཉིས་ལ་ཟོ། །   ཞེས་བཤད་སྲོལ་ཡོད།   བྱ་ཟླ་སྐར་ས་ག་བེའུ་སྡོང་།   བྱ་ལུག་འོན་པ་ཞེས་པ་བྱ་ཟླ་ནང་ལུག་རྣམས་རྣ་བ་ཅུང་ཙམ་འོན་ནས་ཕྱུགས་རྫི་སྐད་རྒྱག་པ་གོ་དཀའ་བ་དང་།   བྱ་མི་དུབ་དུབ་ཅེས་པ་བྱ་ཟླ་ནང་མི་རྣམས་རིགས་པ་འཐུམ་ཞིང་དུབ་དུབ་བྱུང་བ་དང་།   བྱ་སྔ་འཆར་སྔ་ཞེས་པ་བྱ་ཟླ་ནང་འཆར་པ་འབབ་པ་དང་།   བྱ་ཉི་ཀླད་སྐོར་ཞེས་པ་ཉི་མ་རིང་ཤོས་སུ་བརྩི་བ་དང་།   སོས་ཀའི་ཉི་མ་ལོ་ཡིན།   མི་རྒན་ཕོ་བ་སྒྱེ་ཡིན།།   ཁ་མུར་རྒྱུ་ཡོད་ན་གཡང་ཡིན། །    ༥   ཟླ་བ་ལྔ་པ་ཁྱི་ཡི་ཟླ་བ་ཞེས་( ཁ་རྒྱུན་ལས་)   ཁྱི་ཟླ་ལག་སོར་ཉ།   ཉ་ལག་སོར་ཆུ་ཡི་རྐྱལ་བ་འདྲ།   སྐར་ལག་སོར་ལག་པའི་སོར་དང་འདྲ།   ཞེས་པ་ལོག་ཆར་འབབ་པའི་དུས་ཡིན།   ཁྱི་ཟླ་ཕུ་མདའ་རྩི་བཀྲ་མ། ། ནོར་ཟླ་གསུམ་བཞོ་བའི་དུས་ཚོད་ཡིན། ། ཞེས་རི་ཀླུང་ཀུན་རྩི་ཏོག་གསར་དུ་བཀྲ་བའི་དུས་དང་འབྲི་རྣམས་ནོར་དྲོ་ཞེས་ཉིན་མཚན་གཉིས་ལ་དུས་གསུམ་བཞོ་རན་པར་ཟེར།   ༦ ཟླ་བ་དྲུག་པ་ལ་ཤིས་ཧྲོང་རྒེའུ་ཧྲོང་ནད་མ་འབྱར་མ་སྐྱེ་བའི་དུས་ལ་ཤིས་ཟླ་ཟེར་བ་དང་།   ༧   བདུན་པར་རམ་བུ་སྐྱེ་བའི་དུས་ལ་རམ་ཟླ་ཟེར་ཞིང་ཟླ་བ་དེ་གཉིས་ལ་དབྱར་རམ་ཤིས་གཉིས་ཞེས་སྲོལ་ཡོད།   ( ཁ་རྒྱུན་ལས ) ་རམ་ཟླའི་ཕོ་རོག་ཁ་གདངས་འདྲ་ཟེར་བྱ་ཕོ་རོག་ཁ་གདངས་པའི་དུས་ཡིན།   ༨   བརྒྱད་པ་ལ་གཅོད་ཟླ་ཞེས་ཞིང་པས་ལོ་ཏོག་གཅོད་པ་དང་འབྲོག་ཁུལ་དུ་རྩིད་པ་དང་ལུག་བལ་བྲེག་པའི་དུས་ཚིགས་ཡིན་པས་སོ། །    ( ངག་རྒྱུན་ལས། ) གཅོད་ཟླ་སྐར་མ་རི་བྱི།   སྐར་མ་གསུམ་ལྷོ་ཤར་ནས་ཤར་ཞེས་ཟེར་སྲོལ་ཡོད།   ༩   ཟླ་དགུ་པ་ལ་འགའ་ཞིག་གིས་འཆགས་ཟླ་འམ་ཤྭ་ངུས་ཟླ་བ་ཞེས་ཟེར་ཞིང་ཤྭ་བ་ནག་པོ་ཆགས་པ་རྒྱས་ནས་ངུ་སྐད་འདོན་དུས་ཁ་བ་འབབ་པའི་ཚེ་མི་རྣམས་ཀྱིས་སྟོན་གྱི་ཤྭ་གདན་འཁོར་ཞེས་ཟེར་བ་ཡིན།    ༡༠   ཟླ་བཅུ་པ་སྐར་མ་སྨིན་དྲུག་སྨིན་ཟླ་ཟེར།   ཞེས་ཉ་སྐར་སྨིན་དྲུག་ཡིན་པས་ཡོས་ཟེར་སྲོལ་ཡོད་ལ།   འཁྱག་ཟླ་ཞེས་ཆུ་རྣམས་འཁྱག་གིས་བསྡམ་པའི་དུས་ཡིན།   འཁྱག་ཟླ་ལ་བརྩི་ཚུལ་མི་འདྲ་བ་གཉིས་ཡོད་ལ་ཟླ་དགུ་པ་དང་བཅུ་པ་གཉིས་རེད་འདུག   ༡༡   བཅུ་གཅིག་ལ་འབྲུག་ཟླ་འམ་འགའ་ཞིག་གིས་མགོ་ཟླ།   ( ངག་རྒྱུན་ལས། )   འབྲུག་ཟླ་སྐར་མ་འགོ་ཉ།   མགོ་ཉ་སྡིག་པོ་ཆེ་ཁྲག་གི་ཆར་པ་འབབ།   བཤས་པའི་དུས་ཞེས་ཟེར།   ༡༢   བཅུ་གཉིས་སྦྲུལ་ཟླ་ཟེར་འབྲུག་ཟླ་དང་སྦྲུལ་ཟླ་གཉིས་དགུན་གྲང་ངར་ཤིན་ཏུ་ཆེ་བའི་སྐབས་ཡིན་པས་དགུན་འབྲུག་སྦྲུལ་གཉིས་ཞེས་ཟེར་སྲོལ་ཡོད།   ( ཁ་རྒྱུན་ལས། ) སྦྲུལ་ཟླ་སྐར་མ་རྒྱལ་སྟོད།   ལོ་ཨེ་སར་རྒྱལ་ལ་ལྟོས།   །   གོས་ཡོད་ན་འབྲུག་སྦྲུལ་གཉིས་ལ་གྱོན།   །   ཞེས་ཟེར་སྲོལ་ཡོད།
( )   ཁྲ་ཉ་ཞེས་པ་ནི་ཧོར་ཟླ་དང་པོ་ལ་ཟེར་སྲོལ་ཡོད་འདུག་ཀྱང་ཧོར་ཟླ་དང་པོའི་ཚེས་བཅུ་དྲུག་ནས་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔའི་བར་དུ་ཁྲ་ཟླ་ཡིན་པ་དང་།   (དམངས་ཁྲོད་ཀྱི་)བཤད་སྲོལ་ལ་ཉིན་ཡ་ཁྲ་ཆེན་ཉི་མ་སྲོ།   ཉིན་ཡ་ཁྲ་ཆུང་གཤོག་པ་བརྡེབ་ཟེར་སྲོལ་ཡོད་པ་ནི་དཔྱིད་ཀྱི་དུས་ཚིགས་ཟིན་པ་ཡིན་པས་དྲོད་རླུང་རེས་མོས་ཡོད་པ་ལ་ཟེར།   ༢ རོག་ཉ་ཞེས་པ་ནི་ཧོར་ཟླ་གཉིས་པ་ལ་ཟེར་སྲོལ་འདུག་ཀྱང་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་བར་ནག་ཟླ་དང་ཟླ་བ་ལྷན་དུ་འགྲོགས་པ་དེར་ཟེར།   ཡིན་ཡང་རོག་རོག་དང་ནག་པ་ཕྱོགས་མཚུངས་པས་བྱ་རོག་གམ་བྱ་ནག   ཕོ་རོག་བྱ་ཕྲུག་སྐྱེ་བའི་དུས་སུ་ཡིན་པས་རོག་ཉ་ཡང་ཟེར། ( དམངས་ཁྲོད་ཀྱི་) བཤད་སྲོལ་ལ་རོག་ཉ་ཁྱུ་རེ་བེའུ་རེ་ཟེར་སྲོལ་ཡོད་པ་ནི་འབྲོག་པའི་ཁྱིམ་དུད་ཚོར་ནོར་ཁྱུ་རེའི་ནང་བེའུ་རེ་ཙམ་འཁྲིད་པའི་དུས་དེར་ཟེར་བ་ཡིན། གོང་གསལ་དེ་རྣམས་ཟླ་བ་ཉ་དང་སྦྱར་བོའི་ཟླ་བ་ལྔ་ཟེར་བ་ཡིན། ༣   ཞིང་རྨོ་ཞེས་པ་ནི་ཧོར་ཟླ་གསུམ་པ་ལ་ཟེར་བ་ཡིན།   ཞིང་རྨོ་ཞེས་པ་ནི་ཞིང་གྲོང་རོང་ཡུལ་ཁག་ལ་ས་ཞིང་རྨོ་འདེབས་བྱེད་པའི་དུས་ཚིགས་ཡིན་སྟབས་ཞིང་རྨོ་ཟླ་བ་ཟེར།   ( དམངས་ཁྲོད་ཀྱི་) བཤད་སྲོལ་ལ་ཞིང་རྨོས་མ་རེ་བུ་རེ་ཟེར་སྲོལ་ཡོད་པ་ནི་འབྲོག་པའི་ཕྱུགས་རིགས་རྣམས་མ་རེ་བུ་རེ་འཁྲིད་པའི་དུས་དེར་ཟེར་བ་ཡིན།   ༤ བྱ་གྲགས་ཞེས་པ་ནི་ཧོར་ཟླ་བཞི་པ་ལ་ཟེར་བ་ཡིན།   ཟླ་བ་འདིར་བྱ་གྲགས་ཞེས་པས་དབྱར་ཁུ་བྱུག་སྔོན་མོའི་གསུང་སྐད་ལྷང་ལྷང་གྲགས་པའི་དུས་ཡིན་པས་ཟླ་བ་འདིར་བྱ་གྲགས་ཟེར་བ་ཡིན།   ( དམངས་ཁྲོད་ཀྱི་) བཤད་སྲོལ་ལ། བྱ་གྲགས་མ་བལྟ་སྒོ་བསུབས་ཞེས་ཟླ་བ་འདི་ནི་ཉི་མ་རིང་བ་དང་འཚོ་བ་བཟའ་འཐུང་དཀོན་པའི་དུས་ཡིན་པས་ཕྱི་ལ་འགྲུལ་པ་འགྲོ་མཁན་ཡོད་སྐབས་སྒོ་ལ་མ་བལྟ་ཞེས་ཤོད་སྲོལ་ཡོད།   ཡང་ས་ག་ཟླ་བ་ཞེས་དུས་ཆེན་ཞིག་ཀྱང་བརྩི་སྲོལ་ཡོད་པ་རེད། དེ་ནས་དུས་ཚིགས་ཟླ་བ་ལ་སྦྱར་བ་རུག་ཟླ། ཤིས་ཟླ། རམ་ཟླ། གཅོད་ཟླ། གཡུལ་ཟླ་བཅས་ཟླ་བ་ལྔ་ཟེར་སྲོལ་ཡོད།   ༥   རུག་ཟླ་ཞེས་པ་ནི་ཧོར་ཟླ་པ་ལ་ཟེར་བ་ཡིན།   ཟླ་བ་འདིར་དབྱར་གྱི་སྐྱེ་དངོས་ཁ་འབུས་པའི་དུས་ཚོད་ཡིན་པ་དང་ལྷག་པར་དུ་སྔོ་ལྡུམ་རུག་པ་ནི་སྐྱེ་སྟོབས་བཟང་བའི་དུས་ཡིན་པ་དེར་རུག་ཟླ་ཟེར་བ་ཡིན།   ( དམངས་ཁྲོད་ཀྱི་ ) ཤོད་སྲོལ་ལ་རུག་ཟླ་ཡར་ཤོག་དར་འཐུང་ཟེར་སྲོལ་ཡོད་པ་ནི།   ཟླ་བ་འདིར་དཀར་ཆུ་བཟང་བའི་དུས་ཡིན་པས་ཕྱི་ནས་འགྲུལ་པ་འགྲོ་མཁན་རྣམས་ཡར་ཤོག་དར་བ་འཐུང་ལ་ནང་དུ་སྡོད་ཅེས་ཟེར་སྲོལ་ཡོད་པ་རེད།     ༦   ཤིས་ཟླ་ཞེས་པ་ན་ཧོར་ཟླ་དྲུག་པ་ལ་ཟེར་བ་ཡིན།   ཟླ་བ་འདིར་ཤེའུ་ཟླ་ཞེས་པ་ནི།   ཤྭ་བས་ཤེའུ་འཁྲིད་པའི་དུས་ཡིན་པ་དེར་ཤེའུ་ཟླ་ཟེར་བ་ཡིན།( དམངས་ཁྲོད་ཀྱི་ ) ཤོད་སྲོལ་ལ་ཤེའུ་ཟླ་སྨྱོན་པ་ཞེས་པ། དབྱར་རྩྭ་རྒྱས་པའི་དུས་ཚིགས་ལ་ཟེར་བ་ཡིན།   ༧ རམ་ཟླ་ཞེས་ཧོར་ཟླ་བདུན་པ་ལ་ཟེར་བ་ཡིན།   ཟླ་བ་བདུན་པར་རྩྭ་ལྡུམ་རམ་བུ་འབྲས་སྙེ་སྨིན་དུས་ལེགས་པའི་དུས་ཚིགས་ཡིན།   ( དམངས་ཁྲོད་ཀྱི་ ) ཤོད་སྲོལ་ལ་རྩྭ་ལྡུམ་བུ་ཕྱུགས་ཀྱི་བུ་རམ་ཡིན་སྲོལ་ཡོད་པ་ནི་རམ་བུའི་འབྲས་བུ་སྒོ་ཕྱུགས་ཀྱི་གཟན་ཆས་དང་མིའི་ཁ་ཟས་ཀྱང་རུང་བའི་རི་ལྡུམ་ཞིག་པ་རེད།   ༨   གཅོད་ཟླ་ཞེས་པ་ནི་ཧོར་ཟླ་བརྒྱད་པ་ལ་ཟེར་བ་ཡིན།   ཟླ་བ་འདིར་ཞིང་པ་ཚོས་སྟོན་བསྡུ་བྱེད་པའི་དུས་ཚིགསབཙས་མ་བརྔ་བསྡུ་བྱེད་སྲོལ་ཡོད་པས་གཅོད་ཟླ་ཞེས་པ་ཡིན།   ( དམངས་ཁྲོད་ཀྱི་ ) ཤོད་སྲོལ་ལ་ལོ་ཨེ་ལོན་ཡག་མི་ཡག་སྟོན་ཟླ་བརྒྱད་པ་ཟེར་སྲོལ་ཡོད་པ་ནི་སྟོན་ཐོག་ལག་ཏུ་ལེན་པའི་དུས་ཡིན་པ་རེད།   ༩   གཡུལ་ཟླ་ཞེས་པ་ནི་ཧོར་ཟླ་དགུ་པ་ལ་ཟེར་པ་ཡིན། ཟླ་བ་དགུ་པ་སྟེ་སྙེ་མ་བརྡུང་ནས་གཡུལ་ལས་བྱེད་པར་ཡུལ་སྐད་དུ་འབྲུ་བརྡུང་པ་ཞེས་ཟེར།   ༡༠   དེ་ཡང་མགོ་ཉ་ཞེས་པ་ནི་སྤྱིར་ཧོར་ཟླ་བཅུ་པ་ལ་སྨིན་དྲུག་ཟླ་ཞེས་ཟེར་སྲོལ་ཡོད་ཀྱང་།   ( འདུལ་བ་ ) ལ་གཞིགས་ན་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་བར་མགོ་ཟླ་བ་ཟེར། གཞན་ཡང་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ལ་ཟླ་བ་ཉ་གང་བ་དང་།   རྒྱུ་སྐར་སྨིན་དྲུག་འཛོམས་པ་ན་ཉ་དྲུག་འཛོམས་པའི་དུས་ལ་ཟེར།   ( དམངས་ཁྲོད་ཀྱི་) བཤད་སྲོལ་ལ་མགོ་ཉ་དམར་པོ་ཁྲག་གི་སྡིག་མཚོའི་ཟླ་བ་ཟེར་སྲོལ་ཡོད་པ་ནི།   དགུན་དུས་ཁྱིམ་དུད་སོ་སོའི་འཚོ་རྟེན་སེམས་ཅན་སྒོ་བཤས་རྒྱག་དུས་ལ་ཟེར་བ་ཡིན།   ༡༡   རྒྱལ་ཉ་ཞེས་པ་ནི་ཧོར་ཟླ་བཅུ་གཅིག་པར་ཟེར་སྲོལ་ཡོད་ཀྱང་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་རྒྱལ་ཟླ་བ་ཟེར།   དགུན་ཟླ་འབྲིང་པོ་ཡིན་པ་སྟེ།   སྔ་མོར་( བོད་བཙན་པོའི་ལམ་ལུགས་ལ་ ) གཞིགས་ན།   ཟླ་འདིའི་ཡར་ངོའི་ཚེས་པ་གཅིག་ལ་ལོ་འགོ་འཛིན་གྱི་ཡོད་པར་གྲགས།   ༡༢   རྟ་ཉ་ཞེས་པ་ནི་ཧོར་ཟླ་བཅུ་གཉིས་པར་ཟེར་ཡོད་ཀྱང་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་བར་དུ་རྟ་ཟླ་བ་ཡིན།   ( དམངས་ཁྲོད་ཀྱི་ ) ཤོད་སྲོལ་ལ་རྟ་ཉ་མགོ་སྦོས་སྐྲངས་ཟླ་ཞེས་དགུན་གྱི་དུས་ཚོད་གངས་ལྷགས་རྒྱས་པ་དང་གྲང་ངར་མི་བཟོད་པའི་སེམས་ཅན་རྟ་ཟོག་རྣམས་མགོ་བོ་སྐྲངས་ནས་ལུས་སེམས་ངལ་དུབ་ལྡན་པའི་དུས་ཟེར་བ་ཡིན།   དེ་འདྲའི་ཟླ་བ་གསུམ་རེ་ལ་ནམ་ཟླ་དུས་རེ་བརྩི་བ་ནི་དུས་ཚིགས་དང་པོ་དྲོད་རླུང་འཕེལ་བའི་དུས་སུ་སོས་ཀའམ་དཔྱིད་ཀ་དང་།    དུས་ཚིགས་གཉིས་པ་ཆར་ཆུ་ལོ་འདབ་རྒྱས་པའི་དུས་སུ་དབྱར་ཁ།   དུས་ཚིགས་གསུམ་པ་འབྲས་བུ་སྨིན་པའི་དུས་སུ་སྟོན་ཁ།   དུས་ཚིགས་བཞི་པ་གྲང་ངར་ལྡང་བའི་དུས་སུ་དགུན་ཁ་བཅས་དུས་བཞི་དབྱེ་བ་དང་།   ཡང་( ངག་རྒྱུན་འགའ་ཞིག་ལས། )   ཟླ་བ་དང་པོ་གཉིས་པ་གསུམ་ལ་དཔྱིད་ཀ་དང་།   ཟླ་བ་བཞི་བ་ལྔ་པ་དྲུག་པ་གསུམ་ཀ་དབྱར་ཁ།   ཟླ་བ་བདུན་པ་བརྒྱད་པ་དགུ་པ་སྟོན་ཀ།   ཟླ་བ་བཅུ་པ་བཅུ་གཅིག་པ་བཅུ་གཉིས་ལ་དགུན་ཁ་ཞེས་ཟེར་སྲོལ་འདུག   དབྱར་ཟླ་ར་བ་ནི་ཟླ་བཞི་པ་དང་དབྱར་འབྲིང་པོ་ཟླ་ལྔ་པ།   དབྱར་ཐ་མ་ཟླ་བ་དྲུག་པ་ཡིན་ཟེར་སྲོལ་འདུག   ད་དུང་ལོ་གཅིག་གི་ནང་ཟླ་དྲུག་ཉི་མ་བྱང་འགྲོས་དང་ཟླ་བ་དྲུག་ཉི་མ་ལྷོ་འགྲོས་ཟེར་བ་བཅས་ཟླ་རྩིས་དེ་དག་གི་འགྲོ་ལུགས་ནི་( དམངས་ཁྲོད་ཀྱི་ཉམས་མྱོང་ལས་བཏུས་ ) ནས་ཡུན་རིང་ཐོན་སྐྱེད་ཀྱི་འཚོ་བའི་ལམ་ལུགས་དངོས་ལ་དུས་ཚིགས་ཀྱི་འགྱུར་བ་མཚོན་པའི་གནམ་གཤིས་བརྟག་པའི་དཀར་ནག་རྩིས་རིག་ཐོག་མའི་རྨང་གཞི་ཡིན་སྟབས་འདི་དག་རྟོགས་དགོས་སོ། །
    ( ) མཆུ་ཟླ་ཞེས་པ་ནི་ཧོར་ཟླ་དང་པོ།   དེ་བཞིན་དབོ་ཟླ་ཧོར་ཟླ་གཉིས་པ།   ནག་ཟླ་ཧོར་ཟླ་གསུམ་པ།   ས་ག་ཟླ་བ་ཧོར་ཟླ་བཞི་པ།   སྣྲོན་ཟླ་ཧོར་ཟླ་ལྔ་པ།   ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པ།   གྲོ་བཞིན་ཟླ་བ་ཧོར་ཟླ་བདུན་པ།   ཁྲུམས་སྟོད་ཟླ་བ་ཧོར་ཟླ་བརྒྱད་པ།   ཐ་སྐར་ཟླ་བ་ཧོར་ཟླ་དགུ་པ།   སྨིན་དྲུག་ཟླ་བ་ཧོར་ཟླ་བཅུ་པ།   མགོ་ཟླ་ཧོར་ཟླ་བཅུ་གཅིག   རྒྱལ་ཟླ་ཧོར་ཟླ་བཅུ་གཉིས་པ་བཅས་ངོས་འཛིན་པ་ཡིན།   ཞེས་པ་འདི་སྟོན་པ་ཐུགས་རྗེ་ཅན་ཡུམ་ཆེན་སྒྱུ་འཕྲུལ་ལྷ་མཛེས་མའི་དྲིན་ལན་གསབ་པའི་སླད་དུ་སུམ་ཅུ་རྩ་གསུམ་ཆོས་ཀྱིས་འདུལ་བར་འགྲོ་མགོན་ཁོང་ཉིད་ལྷ་ལས་བབས་པ་ཐ་སྐར་ཟླ་བ།   དུས་འཁོར་པའི་སྟོན་འབྲིང་རགས་པ་རྒྱུ་སྐར་ནམ་གྲུ་དང་ཞིབ་རྩིས་པས་དབྱུག་གུས་ཉ་བ།   ཤཱཀྱ་ཤྲཱི་སོགས་འདུལ་འཛིན་ཁ་ཅིག་གིས་ལོ་འགོ་འཛིན་པའི་ཟླ་བ།   ཡང་ན་འབྱུང་རྩིས་པའི་དགུན་འབྲིང་ཤིང་ཕོ་བྱི་ཟླ་ཆུང་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་གཟའ་ཉི་མ། སྐར་མ་གཡང་སྐར་ནབས་སོ།   འཕྲོད་སྦྱོར་མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར།   འཕྲོད་ཆེན་རྒྱལ་མཚན་ལ་སྐར་རྩིས་འཛིན་གྲྭའི་པདྨ་རྡོ་རྗེ་ནས་བྲིས་པའི་དགེ་བས་མཐའ་ཡས་པའི་སེམས་ཅན་ཀུན་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་འཁོར་དུ་སྐྱེ་བའི་རྒྱུ་གྱུར་ཅིག   དགེའོ།   སརྦ་མངྒལཾ།

རབ་བྱུང་ལོ།   ( ༩༩༧ ) ཟླ་བ།   ( ༩ )ཚེས   ( ༢༣ ) ཉིན།