བཞི་བ། ཚེ་རབས་ཀྱི་བླ་མ་དང་ཆོས་སྐལ་མཇལ་བ།
གསང་ཕུ་ནེའུ་ཐོག་ན་བཞུགས་པའི་སྒང་ལ་ཁམས་པའི་གྲྭ་བ་སྐོར་ཅིག་གིས་ཁོང་འདུག་མི་བཟོད་པར་བྱས་པས། མཐར་ལྕགས་ལོའི་སྒྲུབ་ཁང་དུ་ཟླ་བ་བརྒྱད་དུ་སྒྲུབ་པ་མཛད་ནས་ཟླ་བ་ལྔ་སོང་བའི་ཁར་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་གནང་། རིག་འཛིན་ཆེན་པོ་ཀུ་མ་ར་ཛ་དང་མཇལ་བས་ལུང་བསྟན་ཡང་ཐོབ།
དགུང་ལོ་ཉེར་བདུན་ལ་ལུང་བསྟན་ལྟར་ཡར་སྟོད་རྒྱ་མ་ཕུར་དུ་བྱོན་པས། བླ་མ་དཔོན་སློབ་དང་བཅས་པ་སྦྲ་ཆ་བདུན་ཅུ་ཕུབ་ནས་བཞུགས་ཡོད་པ་དང་མཇལ། བླ་མའི་ཞལ་ནས་མདང་རྨི་ལམ་དུ་ལྷ་བྱ་ཡིན་ཟེར་བའི་བྱ་ཡ་མཚན་ཞིག་ལ་བྱ་བྲན་སྟོང་གིས་སྐོར་བ་ཞིག་འཕུར་ནས་ངའི་དཔེ་ཆ་ཁྱེར་ནས་ཕྱོགས་ཐ་དད་སུ་སོང་བ་རྨིས། དེ་ཁྱོད་ལ་ལྟ་བ་ཡིན་པར་འདུག ངའི་ཆོས་འདིའི་རྒྱུད་པ་འཛིན་པ་ཞིག་ཡོང་བར་འདུག་གསུངས་ནས་དགྱེས་ཚོར་ཆེན་པོ་མཛད། བླ་མ་ཀུ་མ་ར་ཛས་དམིགས་གསལ་གྱིས་ཐུགས་བརྩེའི་གདམས་པ་མང་པོས་བསྐྱངས་ཞིང་། ཁྱད་པར་གསང་བ་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོ་ཕྱི་ནང་གསང་སྐོར་གྱི་རྒྱུད་ཐམས་ཅད་མན་ངག་དབང་ཁྲིད་ཀྱིས་ལེགས་པར་བསྐྱངས། གང་ཐོབ་པའི་གདམས་པ་དེ་དག་ལ་དཀའ་སྤྱད་མཐའ་འཁྱོལ་གྱིས་ཉམས་ལེན་མཛད་དེ། ཕྱེ་བྲེ་གསུམ་དང་། དངུལ་ཆུའི་རིལ་བུ་ཉེར་གཅིག་གིས་ཟླ་བ་གཉིས་ཀྱི་བར་དུ་གསོལ་བར་མཛད་ཅིང་། ཁ་བ་འབབ་དུས་སྒྱེ་ནང་དུ་བཞུགས་ནས་གོས་གདན་གཉིས་ཀྱི་གོ་བཅད་པས་བསམ་ཡས་སྒྱེ་ནང་བ་ཞེས་ཀྱང་ཐོགས། ཆོས་ཕྱོགས་སུ་སྐུ་སྲོག་ཕངས་མེད་བཏང་ནས་དཀའ་སྤྱད་སྙིང་རུས་ནན་ཏན་མཛད། རྫོགས་ཆེན་ཆོས་སྐོར་མཐའ་དག་གསན་ནས་ཆོས་ཀྱི་རྒྱལ་བོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཞིང་མཚན་ལ་ཡང་ཀློང་ཆེན་རབ་འབྱམས་གསོལ། ལྔ་བ། དབེན་པར་སྒྲུབ་ལ་བརྩོན་ཞིང་ལྷ་དང་བླ་མའི་ཞལ་གཟིགས་ལུང་བསྟན་ཐོབ་པ། དེ་ནས་མཆིམས་ཕུར་ལོ་བདུན་གྱི་བར་ཏུ་སྒོ་གསུམ་མི་འདའ་བར་དམ་བཅས་བསྒྲུབ་པ་མཛད་དུས་ནང་ལྷ་དང་བླ་མའི་ཞལ་བར་མེད་དུ་གཟིགས་ཤིང་ཕྱི་འབྱུང་བཞིའི་རྟགས་མཚན་མངོན་སུམ་དུ་མཇལ། དགུང་ལོ་སོ་གཅིག་པར་ཉེ་ཕུ་ཤུགས་གསེབ་ཏུ་སྐལ་ལྡན་གྱི་སློབ་མ་དུ་མས་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་བཏབ་པ་ལྟར། དགུང་ལོ་སོ་གཉིས་པ་ཤིང་མོ་ཡོས་ཀྱི་དཔྱིད་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་གྱི་ནགས་སུ་ལས་ཅན་སྐལ་ལྡན་རྣལ་འབྱོར་ཕོ་མོ་བརྒྱད་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་གདམས་པས་དབུ་བཙུགས་ཏེ་སྤྲོས་མེད་ཀྱི་དབང་གིས་བྱིན་གྱིས་བརླབས་ནས་སྐལ་ལྡན་གྱི་སློབ་མ་དུ་མ་བསྐྱངས། འདིའི་དུས་སུ་ཨོ་རྒྱན་ཡབ་ཡུམ་འཁོར་དང་བཅས་པར་མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་། ལྷ་རིང་བྲག་དང་། ཨོ་རྒྱན་རྫོང་། ཞྭའི་ལྷ་ཁང་ཞིག་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་ལུང་བསྟན་ཡང་ཐོབ་ལ་ཨོ་རྒྱན་གྱིས་མཚན་ལ་དྲི་མེད་འོད་ཟེེར་བཏགས་ཤིང་། ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་བཏགས་སོ། །དྲུག་པ། བསྟན་བཅོས་བརྩམས་ཞིང་གཞན་དོན་ཁུར་ཁྱེར་བླངས་པ། སྐབས་ཤིག་ལ་བླ་མ་ཀུ་མ་ར་ཛ་བི་མ་ལའི་རྣམ་རོལ་དུ་མཚན་ལམ་དུ་བྱོན་ནས་ང་པདྨ་བརྩེགས་པའི་ཞིང་དུ་འགྲོ། སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས་ཤིག་ཅེས་བསྟན་པའི་གཉེར་གཏད་ནས་ཅུང་འགོར་བ་ན་བླ་མ་དགོངས་པ་ཆོས་དབྱིངས་སུ་བསྡུས། བླ་མས་འོད་གསལ་སྙིང་པོའི་བསྟན་པ་གཏད་པ་མི་ནུབ་པར་བྱ་བའི་ཕྱིར། སྲིད་ན་དཀོན་པའི་བསྟན་བཅོས་དུ་མ་བརྩམས། རྩོམ་པའི་ཚེ་ན་སྔགས་བདག་གཟའ་དང་དམ་ཅན་མ་མོ་རྣམས་དང་དངོས་སུ་མི་དང་མི་ལབ་པ་བཞིན་དུ་བྱུང་བས། སྣག་འདུལ་བ། ཡི་གེ་འབྲི་བ། ཤོག་ལྷེ་བྱེད་པ་སོགས་བྲན་ལྟར་ལས་བསྒྲུབས་ཤིང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་མི་ནུབ་རྒྱས་པའི་རྟེན་འབྲེལ་དུ་གངས་རི་ཐོད་དཀར་དུ་འབྲི་སྨྱུག་ས་ལ་བཙུགས་པ་ལས་ཤུག་སྡོང་ལོ་འབྲས་ཕུན་སུམ་ཚོགས་པ་སྐྱེས་པའི་རིགས་དེང་སང་ཡོད་ལ། དེའི་ཉེ་འཁོར་ཞིག་ལ་དམ་ཅན་གྱི་ཤོག་གུ་འདུལ་བྱེད་ཀྱི་རྡོ་ཨསྨ་གྷརྦྷ་ཞེས་པ་ཡང་ཡོད། གསུང་རབ་ཀྱི་ཡི་གེ་འབྲུ་ཙམ་ཡང་སྲུང་མས་གཅེས་སྤྲས་ཆེན་པོ་བྱེད་པའི་གཏམ་རྒྱུད་ཡང་ཡོད་དོ། །རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛོད་ཆེན་བདུན་བརྩམས་སའི་གནས་གངས་རི་ཐོད་དཀར།
ཞྭ་ལྷ་ཁང་གསོ་བའི་༼ དབུ་རུ་ཞྭའི་ལྷ་ཁང་ནི། སྔོན་མཁན་སློབ་ཆོས་གསུམ་གྱི་དུས་སུ་ཆོས་རྒྱལ་ཆེན་པོའི་བཀའ་དང་གུ་རུ་པདྨའི་ལུང་བསྟན་བཞིན། བོད་ན་གནས་པའི་འབྱུང་པོ་དང་ཤར་ན་གནས་པའི་མཐའ་དམག་འདུལ་ཕྱིར་ཉང་ཏིང་འཛིན་བཟང་པོས་བཏབ། གུ་རུ་པདྨ་དང་བི་མ་ལ་མི་ཏྲ་ཉང་བན་གསུམ་གྱིས་རབ་གནས་ལན་བདུན་བདུན་མཛད། དམ་ཅན་འབྲུའི་ཕུད་དང་ཞྭ་སྤྱི་བརྡོལ་དུ་ཕུད་བ་ལས་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ཞེས་གྲགས་སོ། །༽ ལུང་བསྟན་ལྟར་དགུང་ལོ་ཞེ་གཉིས་བཞེས་པ་ས་མོ་གླང་ལོར་ཞྭ་ལྷ་ཁང་ལ་བྱོན་ནས་དབུ་རྩེ་རྒྱབ་ནས་སྔར་གཏེར་དུ་སྦས་པའི་གསེར་དངུལ་སོགས་རིན་པོ་ཆེ་དུ་མ་དང་། བསྟན་མ་བཅུ་གཉིས། དམ་ཅན་སྒྲུབ་ཐབས་སོགས་གཏེར་ཁ་ཉུང་ངུ་བླངས། ལྷ་ཁང་ཞིག་གསོ་བྱེད་དུས་ས་དང་རྡོ་ཡི་ཆར་བབས། རླུང་ནག་གི་འཚུབ་མ་བྱུང་ནས་སྔར་མནན་པའི་ཐོད་པ་མང་པོ་ནམ་མཁར་འཕུར་བ་རྣམས་ན་བཟའ་གཡབས་ནས་སླར་མནན། ཐོད་པ་ཆེ་ཤོས་ཤིག་ནམ་མཁར་འཕུར་བ་ལ་མི་རྣམས་སྐྲག་ནས་གནན་པ་ལ་གྲོགས་མ་ཐུབ་དུས། ཁོང་གིས་ཞབས་གཡོན་པས་མནན་ནས་གར་དགུའི་ཉམས་དང་ལྡན་པར་མཛད་པའི་ཚེ། དེར་ཡོད་པ་ཀུན་ལ་གུ་རུ་དྲག་པོའི་སྐུར་མཐོང་ནས་ཐོད་པ་དག་མཆོད་རྟེན་འོག་ཏུ་མནན། ད་དུང་དམ་ཅན་རྡོ་རྗེའི་ལག་པ་བུ་ཚ་གཡུ་རྣ་ཅན་ལོ་བརྒྱད་ཅན་གྱི་རྣམ་པར་ཉིན་བཞིན་འོང་ནས་ལས་གྲོགས་མཛད། མཐར་རབ་གནས་མཛད་དུས་ཀྱང་ཀུན་ཏུ་བཟང་པོའི་སྐུར་གྱུར་ནས་ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོ་ཞིང་འོད་ཟེར་རེ་རེའི་རྩེ་ནས་སངས་རྒྱས་བྱང་སེམས་མང་པོ་བཞུགས་པ་དང་དེ་དག་གིས་མེ་ཏོག་གཏོར་བ་ལས་ཅན་གྱི་སློབ་མ་འགའ་ཡི་མཐོང་སྣང་དུ་གྱུར། ཁོང་གི་ཉམས་ལ་བྱམས་པས་ཕྱག་མཛུབ་གདེངས་ནས་ཁྱེད་སྐྱེ་བ་གཉིས་འདུས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་བྱང་ཆུབ་སེམས་དཔའ་རི་རབ་མར་མེ་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཡང་ཐོབ། དམ་པའི་ཆོས་ཀྱི་ཉམ་དམན་པའི་ཡུལ་བོད་ལྗོངས་ལྷོ་ཕྱོགས་མོན་ཡུལ་དང་འབྲུག་བལ་སོགས་སུ་ཚོགས་པ་འབུམ་ཕྲག་འདུ་བའི་དགེ་འདུན་གྱི་སྡེ་བཙུགས་ཤིང་དགོན་གནས་གླིང་བརྒྱད་དུ་གྲགས་པ། བབ་རོན་ཐར་བ་གླིང་། ཤིང་མཁར་བདེ་ཆེན་གླིང་། སྟང་ཨྱོན་གླིང་། ཀུར་སྟོན་ཀུན་བཟང་གླིང་། སྔོན་ལུང་འབྲས་བཅགས་གླིང་། ཁོ་ཐང་པདྨ་གླིང་། མེན་ལོག་ཀུན་བཟང་གླིང་། སྤ་གྲོ་བསམ་གཏན་གླིང་སོགས་བཏབ། དེ་ནས་ལྷོ་བྲག་དང་ཡར་འབྲོག་སོགས་སུ་ཡང་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱ་ཆེར་བསྐོར་ནས་སྐལ་ལྡན་གྱི་སློབ་མ་བགྲང་ལས་འདས་ཀྱང་གཙོ་བོ་དག་ནི། མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་བརྡལ་ལྷུན་འགྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་མཁས་པ་གདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མཆོག་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་ཀྱི་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བ་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་བཞི་སོགས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་བྱུང་། བདུན་པ། མཐར་ཕྱི་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པ། མཐར་སློབ་བུ་སྤྱི་ལ་ཞལ་ཆེམས་དྲི་མ་མེད་པའི་འོད་དང་། བྱེ་བྲག་ཏུ་སྙིང་ཐིག་པ་རྣམས་ལ་ཞལ་ཆེམས་གནད་ཀྱི་མེ་ལོང་། མཐར་ཐུག་གི་ཞལ་ཆེམས་ཏེ་རིམ་པ་གསུམ་གསུངས་བ་རྣམས་མཁའ་འགྲོ་སྙིང་ཐིག་གི་པོ་ཏིའི་ནང་དུ་འཇོག་པར་གདམས་རྗེས་བསམ་ཡས་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་དུ། འདི་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་གྱི་དོད་པོ་ཡིན་པས། ཡུལ་གཞན་དུ་སྐྱེ་བ་ལས་འདིར་ཤི་ན་དགའ། ངའི་སྒྱུ་ལུས་ཀྱི་ཕུང་པོ་འདིར་འདོར་བ་ཡིན་གསུངས། དེ་ནས་འཁོར་སློབ་བུ་དག་ལ་དབང་ཁྲིད་སོགས་གསུངས་ནས་ཞག་གྲངས་མང་པོ་འགོར་མཐར་སྐུ་བསྙུང་བའི་ཚུལ་བསྟན་ཀྱང་དབང་ཁྲིད་རྒྱུན་མ་བཅད་པར་ཉིན་རེ་བཞིན་མཛད། སྐུ་འཁོར་རྣམས་ཀྱིས་མ་བཟོད་པར་སྐུ་མལ་གསོ་བར་ནན་ཞུ་བྱས་པས། ཁོང་གིས་དབང་འདི་ཚར་བ་ཞིག་བྱེད་བསམས་ཀྱང་ཁྱེད་རྣམས་མི་ཉན་པར་འདུག་ཅེས་མི་དགྱེས་པའི་ཚུལ་མཛད་ཀྱང་དོན་ལ་ཡང་སྤྲུལ་ཕྱི་མ་པདྨ་གླིང་པས་བསྟན་མཐའ་བསྐྱངས་བའི་རྟེན་འབྲེལ་འགྲིག དེ་ནས་རབ་བྱུང་དྲུག་པའི་ཆུ་མོ་ཡོས་ཀྱི་ལོ་སྟེ་ཕྱི་ལོ ༼ ༡༣༦༣ ༽ དགུང་ལོ་ལྔ་བཅུ་རྩ་དྲུག་པའི་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་ཉིན། དྲུང་དུ་ཡོད་པའི་སློབ་བུ་དག་ལ་ངས་སྒྱུ་ལུས་ཀྱི་ཕུང་པོ་འདི་འདོར་བ་ཡིན་པས། ཁྱེད་རྣམས་ཞེད་མི་དགོས། ཅ་ཅོ་མ་བྱེད་པར་མཉམ་གཞག་ལ་སྡོད་གསུངས་ནས་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། ། སྐུ་གདུང་ཞག་ཉེར་ལྔ་བར་དུ་བཞག་ཀྱང་བཀྲག་མི་ཡལ་བར། ག་བུར་དང། གུར་ཀུམ། ཙནྡན་དྲི་བཟང་གིས་ཡོངས་སུ་ཁྱབ། མཐར་བཞུས་པའི་ཚེ་ཐུགས་ལྗགས་སྤྱན་གསུམ་དང་རང་བསྲེལ་གྲངས་ལས་འདས་པ་བསོད་ནམས་བསགས་པའི་རྟེན་དུ་བཞུགས་པའོ།། དེ་ལྟར་དགོངས་པ་ཆོས་དབྱིངས་སུ་འཐིམ་ན་ཡང་ཉན་རང་ཞི་མཐའ་ལ་བཞུགས་པ་ལྟ་བུ་མ་ཡིན་པར། སླར་བསྟན་དང་འགྲོ་བའི་དོན་དུ་ཡང་སྤྲུལ་དེ་མ་ཐག་པ་མོན་བུམ་ཐང་གི་སའི་ཆ་བབ་རོན་ཐར་བ་གླིང་གི་བྱང་ཤར་ཚལ་གྱི་བ་རི་བྲང་བྱ་བའི་གྲོང་དུ་ལྕགས་ཕོ་རྟ་ཡི་ལོ་སྟག་ཟླའི་ཚེས་བཅོ་ལྔ་ལ་སྐུ་བལྟམས། སྤྲེལ་ལོའི་སྟོན་ཟླ་ར་བའི་ཚེས་བཅུའི་ཉིན་ཨོ་རྒྱན་ཆེན་པོའི་ཞལ་དངོས་སུ་གཟིགས་ནས་གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་གཏད་པ་ལྟར་གཏེར་རིགས་དུ་མ་བཞེས་ནས་གཏེར་ཆེན་པདྨ་གླིང་ཞེས་སྙན་གྲགས་ཉི་ཟླ་ལྟར་ཁྱབ་ནས་ཟབ་གཏེར་གྱི་འགྲོ་དོན་རྒྱ་ཆེར་མཛད་དོ། །དེ་ནས་བཟུང་འཁོར་བ་མུ་མཐའ་ཐུག་གི་བར་དུ་གང་ལ་གང་འདུལ་གྱི་སྤྲུལ་བ་རྒྱུན་མི་ཆད་དུ་འབྱོན་ཅིང་། རྣམ་འདྲེན་སྟོང་གི་ནང་ནས་རྒྱལ་བ་རི་རབ་མར་མེ་མཛད་ཡིན་པ་རྒྱལ་བ་བྱམས་པས་ལུང་བསྟན་ལྟར་ཡིན་ནོ། །བརྒྱད་པ། ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་ཐུན་མིན་དགོངས་གཏེར་གྱི་བསྟན་བཅོས་འགའ། ཁོང་གིས་བརྩམས་པའི་བསྟན་བཅོས་ལ་ཕྱིའི་གནས་ཐུན་མོང་གི་སྐོར་ལ་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེན་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས།ཚབ་མཚོན་བསྟན་བཅོས་ལ་སློབ་དཔོན་རྣམ་གཉིས་ཀྱིས་མཛད་པའི་སྙིང་ཐིག་རྣམ་གཉིས་ཀྱི་བཀའི་བསྡུ་བ་ཡང་ཏིག་གསུམ་གཏན་ལ་ཕབ་པའི་རྒྱབ་ཆོས་སུ་མཛོད་བདུན་དང་། སྙིང་ཐིག་ཡ་བཞི། སེམས་ཉིད་ངལ་གསོ། བསམ་གཏན་ངལ་གསོ། སྒྱུ་མ་ངལ་གསོ་སྟེ་ངལ་གསོ་སྐོར་གསུམ། འགྲེལ་བ་ཤིང་རྟ་ཆེན་པོ། འགྲེལ་བ་ཤིང་རྟ་རྣམ་དག་བསྡུས་དོན་ཟླ་བའི་སྙིང་པོ། འགྲེལ་བ་ཤིང་རྟ་དྲི་མེད་ཁྲིད་ཡིག་ངེས་དོན་སྙིང་པོ་སྟེ་ཤིང་རྟ་རྣམ་གསུམ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་ཏེ་རང་གྲོལ་སྐོར་གསུམ། འགྲེལ་བ་ཕྱོགས་བཅུའི་མུན་སེལ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ངེས་པའི་སྤྱི་དོན་ཡིད་ཀྱི་མུན་སེལ། བསྡུས་དོན་མ་རིག་མུན་སེལ་ཏེ་མུན་སེལ་སྐོར་གསུམ། གཞན་ཡང་དབུ་མ་རྒྱན་དང་། རྩ་བ་ཤེས་རབ། འཇུག་པ་སོགས་ལ་ཡང་འགྲེལ་བ་བརྩམས་པར་གསལ་ཡང་དེང་སང་དངོས་སུ་མཇལ་བའི་སྐལ་བ་ནི་མ་མཆིས། བལ་ཡུལ་ཨ་སུ་ར་བྲག་ཕུག་དུ་རྗེའི་གསུང་ཆོས་བརྒྱ་ལྷག་ཡོད་པར་གྲགས་ཀྱང་གཟའ་གྲིབ་ཀྱི་གནོད་པས་བླངས་མ་ཕོད་ཅེས་བཤད་སྲོལ་ཀྱང་ཡོད་དོ། །
དགུ་བ། ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལས་མཚན་གྱི་རྣམ་གྲངས་བཅུ་གཅིག ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལས་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་ནི་འདི་ལྟ་སྟེ། སྙན་ངག་དང་། སྡེབ་སྦྱོར། མིང་གི་མངོན་བརྗོད་ལ་སོགས་འཇིག་རྟེན་པའི་གཙུག་ལག་དང་མཐུན་པའི་བསྟན་བཅོས་རྣམས་སུ་བསམ་ཡས་པ་དང་། ངག་གི་དབང་པོ། ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་དང་། གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་སྟོན་པ་རྣམས་སུ། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་དང་། ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པ་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་ཚོམས་གཙོ་བོར་སྟོན་པ་དག་ཏུ། དྲི་མེད་འོད་ཟེར་གྱིས་ཞེས་དང་། གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་དང་། ཐེག་པ་དང་། གྲུབ་པ། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ། ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་ཞེས་འབྱུང་། གཞན་གྲུབ་མཐའ་མཛོད་ལས་གསལ་བ་ལྟར་ན། ཀློང་གསལ་དྲི་མེད། རྡོ་རྗེ་སེམས་དཔའ། བློ་གྲོས་མཆོག་ལྡན། པདྨ་ལས་གྲོལ་སྟེ་མཚན་གྱི་རྣམ་གྲངས་བཅུ་གཅིག་གོ། །
རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །མཁྱེན་རབ་ཆོས་ཀྱི་ཉི་མ་འབྱམས་སུ་ཀླས། ། ཀློང༵་ཆེ༵ན་ར༵བ་འབྱམ༵ས་ཞབས་ལ་གསོལ་བ་འདེབས། །ཕྱོགས་མེད་ཤེས་རབ་མཆོག་གི་དངོས་གྲུབ་སྩོལ། ། ཞེས་གུས་པ་ཉིད་ནི་སྔར་བསགས་བསོད་ནམས་དང་ལས་སྨོན་རྟེན་འབྲེལ་བཟང་པོས་སྔ་འགྱུར་རང་ལུགས་དྲི་མ་མེད་པར་འཛིན་པ་རྣམས་ཀྱི་གྲལ་མཐའ་རུ་སྐྱེས་ཀྱང་། བདག་འདྲ་དམན་པས་ནི་ཕ་རྗེས་བུ་ཡིས་འཛིན་པ་ཡ་རབས་དམ་པའི་སྲོལ་བཟང་སྐྱོང་བར་དཀའ་མོད། ཕ་ངོ་མ་ཤེས་ཕ་རྗེས་འཚོལ་བའི་དཔེ་རུ་མ་སོང་ཙམ་དུ། ལོ་སྔོན་མ་ནས་ཀུན་མཁྱེན་ཡབ་སྲས་དག་གི་རྣམ་ཐར་རེ་ཀློག་འགོ་བརྩམས་ཤིང་ཀུན་མཁྱེན་གྱི་རྣམ་ཐར་རྒྱས་བསྡུས་རེ་འགའ་བཀླགས་གྲུབ་པ་རང་གིས་མི་བརྗེད་པའི་བློ་རྟེན་ཙམ་དུ་ཟིན་ཐོ་རུ་ལོ་འདིའི་ཟླ་བཅུ་བའི་ནང་ཡི་གེར་ཕབ་པ་དགེའོ། ། ། །