༄༅།།ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་རྒྱལ་དབང་ཀློང་ཆེན་པའི་རྟོགས་བརྗོད་མཆོད་ཕྲེང་ཆུན་པོ།112
发表时间:2024-01-28 00:00
༄༅།།ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་རྒྱལ་དབང་ཀློང་ཆེན་པའི་རྟོགས་བརྗོད་མཆོད་ཕྲེང་ཆུན་པོ།
རིགས་པའི་དབང་ཕྱུག་གིས་བརྩམས། འཇིགས་མེད་མཁྱེན་སྤོབས་བློ་གྲོས་ཚར་ཕྱིན་མཐའ་དག་ཆོས་ཀྱི་ཀློང་དུ་བརྐྱངས། ། གཟུར་གནས་དྲང་སྲོང་འཛུམ་པའི་བཞིན་ལ་ངག་རིག་བཞད་པའི་གེ་སར་ཚེས། ། མ་ཆགས་བརྩེ་གདུང་དྲག་པོའི་སྤྱན་གྱིས་སྲིད་གསུམ་འགྲོ་བའི་ལྟད་མོར་གཟིགས། ། ཁེངས་ལྡན་བྱེ་བའི་སྤྱི་བོའི་གཙུག་ན་བདེན་ཚིག་སྒྲོག་པའི་ཞབས་སུ་བསྙེན། །
མ་བསླད་ཚུལ་ལྡན་ཚངས་སྤྱོད་དག་པའི་གཤིས། ། ཉིས་བརྒྱ་ཁྲིམས་ཀྱི་རྙོག་མས་མ་རེག་པར། ། བློ་ལྡན་ངང་པ་འགུགས་པའི་ལེགས་ཚོགས་ཆར། ། མ་བསྡུར་གྲོས་དན་རྫོགས་པའི་གང་ཞབས་སུ། །
འདི་ན་དད་པའི་ཡོན་ཆབ་ཅིག ། དྭངས་བསིལ་སྨན་གྱི་བདུད་རྩི་ཅན། ། མ་བཅོས་མགྲིན་པའི་གསང་སྒོ་ལས། ། མཆོད་ན་བཞད་པའི་ཚེམས་ཕྲེང་ངོམས། །
གང་གི་ཕྱི་ནང་མཛད་པའི་ཆ། ། བདག་ཚིག་ཉུང་བས་སྨྲ་མིན་ཀྱང་། ། ལྷག་དཀར་དག་པས་བརྗོད་པ་ལ། ། བློ་གདེང་སྣང་བ་མཁའ་རུ་སྡེབས། །
གདོད་ནས་ལུགས་གཉིས་རྒྱལ་ཁབ་ཀྱིས། ། དབང་བསྒྱུར་སྲིད་མཐོར་ཟུག་པའི་གནས། ། གངས་ཀྱི་མུ་ཁྱུད་ཟླུམ་པའི་གཞི། ། མཐའ་སྲུང་ལྕག་གི་ར་བ་བཙན། །
དེ་དབུས་ཆོས་ནོར་རྒྱ་མཚོའི་བཅུད། ། རུམ་པའི་དག་པ་ལྷ་ཡི་ཁམས། ། རྫོགས་ལྡན་ཤིས་པའི་བཀྲག་དཀར་གྱིས། ། ཡོངས་འཁྱུད་བདེ་བའི་ཞིང་དུ་འབོད། །
དེ་ཡི་ལྷོ་རྒྱུད་གནས་ཀྱི་ཆར། ། ས་བཅུད་གཡང་གི་གཏེར་བརྡོལ་བས། ། ལོ་ཡག་འབྲུ་སྙེ་དུད་པའི་ཉམས། ། ཤིག་ཤིག་གཡོ་བ་ལྷོ་ཁའི་གྲོང་། །
གང་ན་འཁྱུག་པའི་ཉམས་བརྒྱ་འབར་བ་ཡི། ། ཡར་ཀླུངས་གཙང་བོ་འཕྱོ་བའི་ལྷོ་རྒྱུད་ངོགས། ། རྣང་ཞིང་ཁོད་ཁ་ཡངས་པའི་གཡུ་གདན་དུ། ། ངོ་མཚར་བཀོད་པ་འཛིན་པའི་གནས་དེ་ཅི། །
ཛམ་བུ་གསེར་ཤིང་དཀྲིགས་པའི་གླིང་ཆེན་འདིར། ། ཟབ་གསང་རིག་པའི་རོལ་བ་འཛིན་པའི་གར། ། འབུམ་ཕྲག་བསྒྱུར་པས་རིགས་ཁམས་སྦྱོང་བྱེད་པ། ། ཀུན་མཁྱེན་ངག་གི་དབང་པོའི་འཁྲུངས་གཞིས་ལགས། །
རིང་ནས་ཆོས་རིག་གསེར་གྱི་ཞུན་མ་ཡིས། ། བྱང་ཆུབ་ཐུགས་ཡིད་གསོས་པའི་རིགས་རུས་གཙང་། ། ཞིང་འདིར་ཐོག་མའི་རབ་བྱུང་འཛིན་པའི་སྡེ། ། ཡེ་ཤེས་དབང་ལས་མཆེད་པའི་’བ་ལམ་’དུ། །
རབ་བྱུང་ལྔ་བའི་ཕུར་བུ་ས་སྤྲེལ་ལོའི། ། དབོ་ཟླའི་ཡར་ཚེས་བཅུ་ཡི་དྲོ་ཆར་ལ། ། སྤྲིན་དཀར་གསེབ་ནས་ཤར་བའི་འཇའ་ཚོན་བཞིན། ། འབྲོ་བཟའ་བསོད་ནམས་རྒྱན་གྱི་ལྷུམས་ལས་བལྟམས། །
བླུན་པོའི་ཧམ་པ་འཐོར་བའི་འཇའ་འོད་གུར། ། ངོ་མཚར་ཅིར་ཡང་སྒྲོག་པའི་མེ་ཏོག་ཆར། ། བབས་ཀྱང་མ་བབས་གལ་ཆེན་གཙིགས་ཀྱིས་སྟོང་། ། དཔྱིད་ལྡན་འགུགས་པའི་མཁྱེན་སྟོབས་འདི་ཡིས་ཚིམས། །
གང་སྐུའི་ལྗོན་བཟང་བགྲང་བྱ་བདུན་ཚར་གྱིས། ། མཛེས་པར་མ་བྱས་བར་དུ་མཁྱེན་རབ་ཀློང་། ། བརྡོལ་པར་གྱུར་ཏོ་འབྲི་ཀློག་ཀུན་ཤེས་ཀྱིས། ། གསུང་རབ་རྒྱ་མཚོའི་ཆུ་ལག་འཐུང་ལ་བྲེལ། །
བདེར་གཤེགས་འདུས་པའི་བསྐྱེད་རྫོགས་སྨིན་པ་ན། ། གཞོན་ཆུང་རིག་པའི་ག་བུ་ཟ་མ་ཏོག ། སྔ་འགྱུར་ལོ་པན་བྱེ་བའི་མགྲིན་སྒོ་ལས། ། བྱུང་བ་དབང་ཆོག་གཏེར་གྱིས་བཀང་བར་བྱས། །
ཕྱོགས་བཞིའི་ཆུ་ཀླུང་བཏུང་ཡང་ཆུ་གཏེར་ལྟོ། ། འགྲངས་པ་མེད་པར་ཉིན་བཞིན་རླབས་གཡོབ་ཀྱིས། ། གང་མང་ཆུ་སྣ་སྡུད་ལ་མྱུར་བ་བཞིན། ། ཁྱེད་ཀྱང་ཐོས་པས་མ་ཚིམས་ལྷག་པར་བཀྲེས། །
རིམ་བཞིན་རིགས་པའི་ཁོ་ལག་རྫོགས་པའི་ཚེ། ། བཤད་ལུང་གནད་ཀྱི་ཆོས་སྤྱོད་མང་ཐོས་ཀྱིས། ། ན་ཆུང་རིག་པ་གསར་བའི་ལྗོན་པ་ལ། ། ཀུན་རྟོག་འཆར་སྒོའི་འབྲས་བཟང་དུད་པར་སྦྱར། །
དེ་ཚེ་ཡུམ་རྗེ་བརྩེ་བའི་འོད་དཀར་ཆེ། ། ཞིང་གཞན་ཕེབས་པའི་སྣང་བ་བརྩམས་གྱུར་ཀྱང་། ། སྐྱེ་འཆིའི་རང་བཞིན་གཟིགས་པའི་ན་ཆུང་ཁྱེད། ། བསམ་སྦྱོང་སློབ་པའི་ལམ་ལ་ཕྱི་བཤོལ་ཅི། །
སྙན་ཚིག་གླུ་རུ་བླངས་པའི་འགྱུར་ཁུགས་ལ། ། ཚངས་དབང་བཞད་པའི་འཛུམ་ཕྲེང་ཤོར་བ་ན། ། ཆགས་བྲལ་ཞི་བའི་དབྱིངས་ན་རྟག་བཞུགས་པའི། ། སྒྲ་དབྱངས་ལྷ་མོའི་ཐུགས་ཀྱང་ཁྱེད་ལ་འཁོར། །
དེའི་ཕྱིར་ཡུན་རིང་སྙིང་ལ་གབ་པ་ཡི། ། ཚིག་རྒྱན་མེ་ཏོག་སྤྲས་པའི་མཆོག་གི་དངོས། ། ཡང་ཡང་བླུད་པས་ངག་ལ་དབང་འབྱོར་བ། ། འདི་ཀོ་སྙན་དབང་དབྱུག་པ་ཅན་པས་མིན། །
སྐར་ནག་རྩིས་དང་སྨན་དཔྱད་གཞུང་། ། ལོ་ཆུང་རིག་པའི་ཡོལ་གོ་རུ། ། ཞིབ་དཔྱོད་བློ་ཡིས་བསྐྱིལ་པ་ན། ། ཆེ་ལྡན་རལ་བ་ཞབས་སུ་བརྫིས། །
འཁོར་བ་འདམ་གྱི་ལྗན་ལྗིན་དུ། ། དོན་ལྡན་བགྱི་བའི་མཐའ་རྡུགས་པས། ། སོ་ཐར་བླ་གོས་དུ་ཀཱུ་ལ། ། ཁྱེད་ཀྱི་སྐུ་ལ་ལྷག་པར་མཛེས། །
ཚུལ་གནས་ཁྲིམས་ལྡན་བློ་གྲོས་མཚན། ། རྒྱན་ཏུ་འཆང་བའི་རྩེད་དགའ་ཡིས། ། འདུལ་གཞུང་རྫིང་བུའི་ཡར་སྟེགས་སུ། ། རྣམ་དཔྱོད་ངང་བ་ཅིར་ཡང་རྩེན། །
བརྒྱད་གཉིས་དུས་སུ་རིས་མེད་ཆོས། ། འཐུང་འདོད་འདུན་པ་དྲགས་སྐྱེས་པས། ། ཐུན་མོང་བློ་སྦྱོང་གང་གཱའི་རྒྱུན། ། ཐུགས་བརྩོན་གུས་པས་ཏོག་ཏུ་བླངས། །
བློ་གསལ་དཀྱིལ་འཁོར་ཀུན་ཚང་ཉ་གང་ཟླ། ། དབང་ཕྱོགས་རིགས་པའི་གླིང་ཕྲན་བརྒལ་གྱུར་ཀྱང་། ། མཚོ་བོད་མཐོ་སྒང་སྲིད་པའི་སྤྱི་ཏོར་ན། ། ཆེར་བསྔགས་ཆོས་གླིང་སྙན་པའི་སྒྲ་བརྒྱ་ཅན། །
ཇི་ལྟར་དྲི་བསུང་ངད་ཀྱི་པད་ཚལ་དུ། ། མ་བསྡུས་བུང་བས་ཟིལ་དངར་ལེན་པ་བཞིན། ། མཁྱེན་བཟང་གཉིས་འཐུང་འདུས་པའི་གསང་ཕུའི་གྲྭར། ། ཁྱེད་ཀྱང་རིག་པའི་ཟེའུ་འབྲུ་ལེན་དུ་ཆས། །
དེ་རུ་མགོན་ཁྱེད་པོད་ལྔའི་སྤྲིན་གསེབ་ཏུ། ། ལུང་རིགས་གློག་གར་འཁྱུགས་པའི་མཐུ་རྩལ་གྱིས། ། ཐེ་ཚོམ་ལྷུན་པོའི་རྩེ་མོ་བསྙིལ་བྱས་ནས། ། ལེགས་མཛད་སྒོ་འཕར་དང་པོ་ཐོག་མར་ཕྱེས། །
ཆོས་ཚུལ་སྣ་བརྒྱའི་ནགས་ཤིང་འཁྲིགས་པའི་གཞིར། ། མཁས་གྲུབ་སེང་ཆེན་ལུང་རིགས་གླལ་བའི་སྒྲ། ། བྲག་སྟོང་ཕུག་པའི་སྐད་དུ་བསྒྱུར་བའི་དུས། ། ཁྱེད་ནི་ད་དུང་ལང་ཚོའི་མྱུ་གུ་ཕྲ། །
ཕྱོགས་དུས་དབྱེ་བས་དུམ་བུར་མ་བཅད་གསར་རྙིང་རྒྱུད་འབུམ་རི་རབ་ཟོས། ། ཕྱོགས་ལྷུང་མཁས་པའི་གདམས་ངག་མ་གསན་བཀའ་བབ་ཆོས་རྒྱུད་གཙང་མ་བསྟེན། ། ཕྱོགས་ཆད་འབངས་ཀྱི་རེ་འདོད་མ་ཡིན་མཐའ་དག་སྐྱེ་བོའི་རྨོངས་འཇོམས་ཕྱིར། ། ཕྱོགས་ལས་རྣམ་རྒྱལ་མདོ་སྔགས་ཆོས་ཚན་རྒྱུན་སྦྱོར་འགྲུས་པས་ནང་བྱིན་ཆུད། །
དེ་ལྟར་ཆོས་ཚུལ་འོ་མའི་མཚོ་ལ་རྣམ་དཔྱོད་རླབས་ཕྲེང་རྟག་རྩེན་པས། ། བསྟན་སྲིད་གློག་ཞུའི་ལྒང་འོད་འཕྲོས་པ་བཀའ་བསྟན་གཞལ་མེད་ཁང་བཟང་དུ། ། དྲི་མེད་ལུང་རིགས་བྲོ་གར་རྡུང་ལ་ཟླ་མེད་ཁྱུ་མཆོག་བྱེ་བའི་གྲལ། ། འཛིན་ལ་འཇིགས་མེད་སྙེམས་པ་མཐོར་བརྩེགས་གཞར་ཡང་དྲུག་ལྡན་ཆེ་བའི་རྒྱན། །
གང་ན་འགྲན་བྲལ་སྙན་པའི་མཚན་རྒྱན་ཅན། ། རིས་མེད་ཆོས་ལ་མཁས་པའི་ཕུད་གྱུར་པ། ། སུ་བཞུགས་དེ་ཡི་གདམས་པའི་མཛོད་ནང་ལས། ། འབུམ་ཕྲག་ཆོས་ལ་སྤྱོད་ཀྱང་ཚིམས་མ་གྱུར། །
ད་ེཚེ་ལང་ཚོའི་མྱུ་གུ་གསར། ། ཉེར་བདུན་བགྲང་བྱའི་དཔྱིད་ལྡན་དུས། ། སྔོན་ནས་ལས་སྨོན་དངུལ་དཀར་གྱིས། ། སྦྲེལ་བ་མི་དབང་ཆོས་ཀྱི་རྗེ། །
སྙིང་ཐིག་གདམས་པའི་མཛོད་འཆང་བ། ། ཀུ་མཱ་ར་ཛའི་ཞབས་སེན་རྡུལ། ། མཇལ་བའི་བསིལ་ཟེར་ཕོག་པ་ན། ། ཁྱེད་བློ་ཀུནྡ་ཀུན་ནས་རྒོད། །
ཐུན་མིན་མན་ངག་རྒྱུད་པའི་སྨན། ། སྙན་བརྒྱུད་གསེར་གྱི་རྣ་ཆ་ཆེ། ། གང་སྐུའི་སྙན་དུ་འཕྱངས་པ་ན། ། དགེ་ལེགས་རིགས་ཁམས་སྔར་ལས་བཀྲགས། །
སྙན་ལ་བབས་པའི་བརྒྱུད་གསུམ་བང་མཛོད་ཆེ། ། ཞུན་མེད་སྤོབས་པ་ཤིང་རྟས་བསྒྱུར་བྱས་ནས། ། ཡང་དབེན་བསམ་ཡས་མཆིམས་ཕུའི་བྲག་སྐྱིབས་སུ། ། མཚམས་གཅོད་དམ་རྒྱའི་སྒྲུབ་ལ་གཅིག་ཏུ་བརྩོན། །
ཟབ་ལས་ཆེས་ཟབ་ཡེ་སྟོང་རྫོགས་ཆེན་སྒོམ། ། འགྲུབ་རྟགས་མཚན་མའི་དྲི་བསུང་འཐུལ་བ་ན། ། སྐལ་བཟང་བུང་བ་ལྷགས་པའི་ཐོག་མའི་འཁོར། ། སྙིང་ཐིག་དབང་གི་ཆུ་བོས་ཚིམ་པར་བྱས། །
ཉམས་སྣང་ཤེལ་དཀར་མཆོད་རྟེན་རྩེ་ཏོག་ཏུ། ། བརྡ་གྲོལ་མཁའ་འགྲོ་བཀའ་སྲུང་མང་བའི་སྡེ། ། ཚོམ་བུར་ལྷགས་པས་སྙིང་ཐིག་རྔ་བོ་ཆེ། ། རྡུང་བའི་བཀའ་རྒྱ་མགོན་ཁྱེད་སྤྱི་བོར་བསྩལད། །
ཡོན་ཏན་ཀུན་འབྱུང་དགའ་བའི་ཚལ། ། ཤེལ་དཀར་ཕོ་བྲང་རྩེ་མོ་མཐོ། ། གངས་རི་ཐོད་དཀར་དག་པའི་གྲོང་། ། བསྙེགས་པའི་བཀའ་གཙིགས་རྒྱན་དུ་བླངས། །
སྔར་མེད་ཟབ་ཆོས་བྱེ་བའི་ཆར། ། བཀའ་སྲུང་གཉན་པོའི་ཉེར་ལེན་བཅས། ། རིག་པའི་ག་བུར་འཛུམ་པ་ལས། ། དགོངས་པའི་གཏེར་རྒྱ་ངང་གིས་གྲོལ། །
དེ་ཚེ་རིགས་པའི་གདོང་ལྔ་པ། ། མཁའ་འགྲོའི་བརྡ་སྐད་བྱེ་བ་ཡིས། ། རྟོག་གེ་མགོ་སྙེམས་འཇོམས་པའི་ཐོག ། གདོད་མའི་ཕ་ཆོས་སྙིང་ལ་ཕོགས། །
ཤེལ་དཀར་གངས་རིའི་རྩེ་མོ་མཐོར་ཟུག་དེ་ཡི་མངལ་ཞུགས་ཨོ་རྒྱན་རྫོང་། ། སྔགས་སྲུང་མཆེད་ལྔས་ཞབས་ཏོག་ཉེར་སྒྲུབ་ཉིན་མཚན་བྱ་རའི་གྲོགས་དན་བཅས། ། ཞི་ཐུགས་ཁྲོས་པའི་ཉམས་བརྒྱ་སྙེར་བ་གཟའ་བརྒྱད་འཇིགས་གཟིགས་རྟག་འབར་བས། ། ཡང་ཡང་བཀའ་ཡི་འཁོར་ལོས་སྐུལ་བཞིན་སྣག་ཤོག་ཉེ་བར་བསྟབས་པ་ན། །
ཐུན་མིན་ཆོས་ཚུལ་བྱེ་བའི་གན་མཛོད་ཟབ་གསལ་གླེགས་བམ་མཛོད་ཆེན་བདུན། ། རིང་ནས་བློ་ཡི་གཤིས་ལ་ཞུགས་པའི་རྨོངས་རྩ་དྲུང་འབྱིན་མུན་སེལ་གསུམ། ། གདོད་ནས་དག་པ་རང་གྲོལ་གསུམ་དང་བློ་བདེའི་བསྟི་གནས་ངལ་གསོ་གསུམ། ། སྐལ་བཟང་བློ་ཡི་ཟ་མ་ཏོག་ཏུ་རིན་ཆེན་དང་པོའི་བཅུད་ཀྱིས་བསྐྱུགས། །
དེ་ཚེ་སྤུར་རྒྱལ་མངའ་ཐང་མཐར་རྒྱས་དུས། ། བཀའ་ཡི་འཁོར་ལོས་བརྩིགས་པའི་གཙུག་ལག་ཁང་། ། རང་བྱུང་ཆར་ཆུས་འཇིག་པ་མ་བཟོད་པར། ། ཉམས་གསོའི་བགྱི་བའང་མ་བསྐུལ་ཁུར་དུ་ཁྱེར། །
རྣམ་དཔྱོད་ཉིན་བྱེད་འཚེར་བའི་མུ་ཁྱུད་ཀྱིས། ། དབུས་གཙང་དགའ་ཚལ་ཡང་ཡང་བསྐོར་བ་ན། ། ལེགས་བྱས་ཀུ་མུད་རྒོད་དང་ལྷན་ཅིག་ཏུ། ། གྲགས་པའི་དྲི་བཟང་གངས་རིའི་ཞིང་ལས་བརྒལ། །
རྫོགས་ལྡན་བདེ་བའི་ལོངས་ན་དགའ་རྩེན་པའི། ། བོད་ཡུལ་ཆོས་ལུང་དག་པའི་ཞིང་ཁམས་འདིར། ། འདོད་ཡོན་ཧམ་པས་མྱོས་པའི་ས་ཕག་སྡེས། ། འཁྲུག་སློང་གཡུལ་གྱི་རླུང་འཚུབ་མ་ལྡང་གོང་། །
གངས་རིའི་ཕར་ནང་ལྷོ་མོན་སྐྱིད་པའི་གྲོང་། ། ལྗང་ལྗང་ནགས་ཀྱི་གཡུ་ལོའི་ཐགས་བྲན་ཞིང་། ། འབྲས་བཟང་རང་བྱུང་ཟས་ཀྱི་གཏེར་ཁའི་རྫོང་། ། བྱིན་ཆགས་བུམ་ཐང་སྦས་ཡུལ་གླིང་དུ་བཞུད། །
དེ་ན་ཚེ་སྔོན་ལས་ཀྱིས་ཟམ་སྦྲེལ་བའི། ། མཐའ་འཁོབ་མུན་གླིང་ཐར་འདོད་འདུ་བའི་ཚོགས། ། དབང་ཁྲིད་སེམས་ཀྱིས་རྗེས་སུ་བཟུང་བ་ན། ། དམ་ཆོས་སྒྲོན་མེའི་སྣང་བ་སྔར་བས་འབར། །
གཟུགས་མི་སྙོམ་པ་རི་ཕྲན་སྟོང་གི་དབུས། ། འཁོར་སྒྱུར་ས་ལ་བཞུགས་པའི་ཟིལ་ཤུགས་ཀྱིས། ། ཕྱོགས་བཞིའི་ས་སྲུང་ཉེ་བར་མཚན་པ་ན། ། ཐར་བ་གླིང་གི་སྒྲུབ་གནས་ཀུན་ནས་མཛེས། །
ལྷོ་འབྲུག་བལ་ཡུལ་ཐ་གྲུའི་ཁྱོན། ། སྙིང་ཐིག་སྒྲ་བརྒྱ་ལྡིར་བ་ན། ། སྔ་འགྱུར་རིག་འཛིན་མདོངས་ལྡན་ཁྱུ། ། བདེ་གསལ་ཏིང་འཛིན་གར་གྱིས་མྱོས། །
ཞབས་སེན་གསེར་གྱི་རྩིབས་སྟོང་གིས། ། ཆེ་དགུའི་རལ་བ་གདན་བྱས་ནས། ། ཐུབ་བསྟན་རྒྱལ་མཚན་སྒྲེང་བ་ལ། ། ཕས་རྒོལ་མི་སྲུན་འབྱུང་པོ་བྲོས། །
དེ་ལྟར་གངས་རིའི་ཕྱི་ནང་ཀུན། ། བསྟན་སྲིད་གདུགས་ཀྱིས་ཁྱབ་བྱས་ཤིང་། ། མཛད་འཕྲིན་ཆུ་བོ་བྲུག་གྱུར་ནས། ། སློབ་འབངས་མཚོ་མོ་ལྟེམ་གྱིས་འཁྱིལ། །
གྲགས་པས་ས་ཆེན་སྐྱོམ་པའི་མཁས་པ་བཞི། ། གང་ཐུགས་གཉིས་མེད་སྲས་ཀྱི་ཐུ་བོ་ལྔ། ། འཕྲིན་ལས་ཕྱོགས་མཐར་སྤེལ་བའི་བུ་ཆེན་བཞི། ། གྲུབ་པའི་རྟགས་མཚན་འབར་བའི་རྣལ་འབྱོར་བཞི། །
བསྟན་ལ་བརྣགས་པའི་ཞལ་སློབ་རྒྱུ་སྐར་གྲངས། ། ས་ཆེན་མཁའ་མཐའ་ཡས་ལ་བཀྲམ་བྱས་ཤིང་། ། ལེགས་གསུང་གླེགས་བམ་རི་རབ་གཏོས་སྤུངས་ནས། ། རྨད་བྱུང་མཛད་པས་ཚེ་གང་འདའ་བར་བྱས། །
དེ་ལྟར་མཁྱེན་རབ་ཀློང་ཆེན་རབ་འབྱམས་བདག་བློའི་དཀྱིལ་དུ་བཀོད་བྱས་ནས། ། མཛད་འཕྲིན་རི་རྒྱུད་མཚར་དུ་དངར་བ་ཏབ་ཅིག་དྲན་པའི་ཟོལ་ཉིད་ལ། ། ངོ་མཚར་ཚིག་རྒྱན་རྒྱན་གྱིས་སྟོང་ཡང་རྟོགས་བརྗོད་མཆོད་ཕྲེང་ཆུན་པོ་འདི། ། ཁྱེད་ལ་དགའ་དད་སྤྲོ་བས་སྨྱོས་པ་ཐ་ཤལ་རིགས་པའི་དབང་ཕྱུག་དེས། །
ཞེས་སྔ་འགྱུར་བསྟན་པའི་གསལ་བྱེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཀློང་ཆེན་པས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ༦༦༡འདས་པའི་དུས་མཆོད་རྗེས་དྲན་དུ་ཕུལ། ། ། ། |