༄༅། །གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ནང་བྱུང་བའི་ཤིང་མོ་ཡོས་ལ་དཔྱད་པ།
བསྟན་པའི་རྒྱལ་མཚན།
༡ རྣམ་ཐར་མྱོང་རོལ།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ནི་རབ་བྱུང་ལྔ་བའི་ས་སྤྲེལ་ཏེ་ཕྱི་ལོ་(1308)ལོར་གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་སྐྱེས་ཤིང་རིམ་བཞིན་ནར་སོན་ཏེ་དགུང་ལོ་ལྔའི་སྟེང་འབྲི་ཀློག་སོགས་ལ་སྦྱངས། དགུང་ལོ་བཅུ་གཉིས་ཀྱི་སྟེང་རབ་ཏུ་བྱུང་ནས་རིམ་བཞིན་གསང་ཕུའི་ཆོས་གྲྭ་ནས་མདོ་སྔགས་རིག་གནས་ཀུན་ལ་གཤིས་ཕྱིན་པར་སྦྱངས་ཏེ་གསང་ཕུའི་གདན་ས་ནས་མཁས་པ་ཆེན་པོའི་མཚན་གྱི་ཅོད་པན་ཡོངས་སུ་གསོལ། མཚན་ཉིད་ལྡན་པའི་བཤེས་གཉེན་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་བསྟེན་ནས་ཉམས་དང་རྟོགས་པའི་རྩལ་རྫོགས་ཤིང་གསུང་ཆོས་མང་པོ་གདུལ་བྱའི་དོད་དུ་བསམ་ཡས་མཆིམས་ཕུ་དང་གངས་རི་ཐོད་དཀར་སོགས་ནས་བརྩམས་གནང་མཛད་ཅིང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་སའི་སློབ་བུ་ཡང་མང་པོ་བསྐྱངས། རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ་(1363)ལོའི་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཉིན་སྐུ་ཡོངས་སུ་མྱ་ངན་ལས་འདས་པར་གྲགས། གོང་དུ་བྲིས་པའི་རྣམ་ཐར་ཉུང་ཙམ་འདི་ལས་ཆེས་དོགས་པ་སྐྱེ་ས་ནི་ཀློང་ཆེན་པ་ཁོང་གི་འདས་ལོའི་སྟེང་ཡིན་ལ་འདས་ལོ་འདི་ཡོངས་སུ་གྲགས་པའི་དབང་དུ་བྱས་ན། རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ་(1363)ལོ་ཞེས་བརྗོད་ན་དེར་བརྟེན་གྱི་ལུང་གི་སྒྲུབ་བྱེད་ཀྱང་མཆིས་ལ། ཁྱད་པར་དུ་ཀློང་ཆེན་པའི་དངོས་སློབ་བཀའ་བཞི་བ་དཔལ་འབྱོར་རྒྱ་མཚོ་དང་བློ་གྲོས་བཟང་པོ་གཉིས་ཀྱིས་ཁམས་པ་ཆོས་གྲགས་བཟང་པོ་ལ་བསྐུལ་ནས། 《ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་བཞུགས་སོ། །》ཞེས་པ་འདི་བརྩམས་གནང་མཛད་ཚུལ་རྣམ་ཐར་འདིའི་མཇུག་རྩོམ་དུ་གསལ་ལ། “དེ་ལྟར་ལེགས་པར་སྦྱར་བའི་ཆོས་རྗེ་རིན་པོ་ཆེའི་རྣམ་པར་ཐར་བ་འདི་ནི། ལུང་རིག་འཛིན་པ་སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ་དང་། དད་དང་གུས་པར་ལྡན་པས་མཉེས་པ་གསུམ་བསྒྲུབས་པ། དམ་ཚིག་དང་ལྡན་པའི་སློབ་དཔོན་བློ་གྲོས་བཟང་པོ་དཔོན་སློབ་གཉིས་ཀྱིས་ཡང་དང་ཡང་དུ་ནན་གྱིས་བསྐུལ་བས་རིང་གིས་རྟོགས་ཚོགས་དང་། རྒྱལ་སྲས་རིན་པོ་ཆེ་བཟོད་པ་སྐུ་ལུས་དང་གྲིབ་མ་བཞིན་དུ་བརྟེན་པས། གསུང་སྒྲོས་མཛད་ཚུལ་རྣམས་ལེགས་པར་ཞུས་ནས། འཕྲི་བསྣན་དང་ལྷག་ཆད་མེད་པར་ཡི་གེར་བཏབ་པའོ། །”ཞེས་པའི་གསུང་ཚིག་འདི་ནི་ཧ་ཅང་སྒྲུབ་བྱེད་སྟོབས་ལྡན་ཞིག་ཡིན་ཏེ་ཁམས་པ་ཆོས་གྲགས་བཟང་པོ་ཀུན་མཁྱེན་ཆེན་པོའི་དངོས་སློབ་ཏུ་གྱུར་ཡོད་མེད་ལ་དོགས་པ་ཟ་ཡང་ཀུན་མཁྱེན་ཆེན་པོ་དང་དུས་མཉམ་པའི་མི་ཞིག་ཡིན་པ་ཐག་ཆོད་ཡིན། དེ་བས་ཁོང་གིས་བརྩམས་པའི་རྣམ་ཐར་འདི་ཀློང་ཆེན་པའི་རྣམ་ཐར་ཆེས་སྔ་ཤོས་ཡིན་ལ་ཚད་ལྡན་དུ་འཛིན་པའི་རྣམ་ཐར་ཞིག་ཀྱང་ཡིན་པར་གྲགས། ཕྱིས་ཀྱི་མཁས་པ་དག་གིས་བརྩམས་པའི་ཀློང་ཆེན་པའི་རྣམ་ཐར་དག་ནི་ཁམས་པ་ཆོས་གྲགས་བཟང་པོས་བརྩམས་པའི་རྣམ་ཐར་འདི་ཉིད་གཞིར་བཞག་ཏེ་བྲིས་པ་ཡིན་པར་གསལ་ལོ། །
བསམ་ཡས་འཆིམས་ཕུའི་ཀུན་མཁྱེན་གདུང་རྟེན་གྱི་མདུན་དུ་བཞེངས་བའི་ཀུན་མཁྱེན་རྡོ་རིང་དེ་ནི་ཅོག་བཀྲས་ཀྱིས་བཞེངས་བར་བཤད་ལ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཏེ་ཕྱི་ལོ་(1944)ལ་བཞེངས་བར་གཏན་ཁེལ་ནུས་ཏེ། རྡོ་རིང་གི་ངོས་སུ། “རབ་རྒྱལ་ཤིང་སྤྲེ་ལོ་བླ་ཕྱག་ཅོག་བཀྲས་པས།” ཞེས་གསལ་བས། འདི་ལ་ལོ་ཧ་ཅང་མང་པོ་འགོར་མེད་པར་མ་ཟད་འདིའི་སྟེང་གི་འཁྲུངས་ལོ་དང་འདས་ལོ་དག་ནི་ཡོངས་གྲགས་ལྟར་བཞག་ཡོད་པས་འདིའི་ཁུངས་གང་ལ་བཅོལ་ཡོད་པ་ཧ་ཅང་གསལ། ཁྱད་པར་ཀློང་ཆེན་པ་ཁོང་དང་དུས་རབས་གཅིག་གི་ནང་དུ་བྱོན་པའི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ》་ལས་ཀྱང་། “དེ་ནི་གཡུ་རུ་གྲྭའི་ཕུ་སྟོད་གྲོང་ཞེས་བྱ་བར། སློབ་དཔོན་བསྟན་བསྲུངས་དང་འབྲོམ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ས་ཕོ་སྤྲེའུ་ལ་འཁྲུངས།”ཞེས་དང་། “འགྲོ་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་མོ་ཡོས་ལ་གཤེགས་”ཞེས་པ་དང་། ཀློང་ཆེན་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བའི་རིག་འཛིན་འཇིགས་མེད་གླིང་བའི་《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ལས་ཀྱང་།》“དེ་ནས་རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེའུ་དབོ་ཟླའི་ཚེས་བཅུའི་ཉིན་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ།”ཞེས་འཁྲུངས་ལོ་དང་། “བྱང་གྲོལ་གྱི་ས་བོན་ཐེབས་པར་མཛད་ནས་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོར།”ཞེས་པ་དང་། “དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་མཆོད་པ་གཅིག་ཤོམས་ལ་ཁྱོད་རང་རྣམས་དགེ་སྦྱོར་ལ་དེངས་གསུངས། སྐུ་དྲུང་ན་འདུག་པར་ཞུས་པས། འོ་ན་ངའི་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས་ཅ་ཅོ་མ་བྱེད་པར་མཉམ་བཞག་གི་ངང་ལ་སྡོད་”གསུངས་བ་དེས་འདས་ལོ་བསྟན་པས་མདོར་ན་ཀློང་ཆེན་པའི་རྣམ་ཐར་འདི་ཕྱིས་ཀྱི་མཁས་པ་སུས་འཆད་ཅིང་འཁྲུངས་འདས་གོང་བཀོད་ཀྱི་རྣམ་བཞག་དེ་ལས་མི་འདའ་བར་བཞེད་དོ། །
༢ དོགས་གཞིའི་འབྱུང་རྐྱེན།
དེ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་《གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་》ལས། “ཤིང་མོ་ཡོས་ཀྱི་ལོའི་དགུན་གཅིག་མཆིམས་ཕུའི་རི་ལ་སྒྲུབ་པ་མཛད་ཅིང་རི་མོ་ཅན་གྱི་གནས་སུ་སྐལ་ལྡན་ཕོ་མོ་བརྒྱད་ལ་གསང་བ་སྙིང་ཏིག་གི་དབང་ཁྲིད་བྱེད་དུས་གློ་བུར་མཁའ་འགྲོ་དང་སོགས་ནས་དེ་ནས་གངས་རི་ཐོད་དཀར་དུ་འོངས་དུས་ཀྱང་མཁའ་འགྲོ་འདུ་བ་མང་པོ་དང་།”ཞེས་པའི་ལུང་འདིར་བརྟེན་ནས་ཀློང་ཆེན་པ་འཁྲུངས་དུས་རབ་བྱུང་ལྔ་བའི་ས་སྤྲེལ་ཕྱི་ལོ་(1308)ལ་ཁེལ་ཡོད་པས་དེ་ནས་མར་བརྩིས་པའི་ལོ་ངོ་བརྒྱད་ཀྱི་རབ་བྱུང་ལྔ་བའི་ཤིང་ཡོས་དེ་ཕྱི་ལོ་(1315)ལ་ཁེལ་ཡོད་ལ་ཀློང་ཆེན་པ་མཆོག་དགུང་གྲངས་བརྒྱད་ལ་བཞེས་ཡོད་པས་གོང་དུ་བཀོད་པའི་ཤིང་ཡོས་ལོ་དེ་རབ་བྱུང་ལྔ་བའི་ཤིང་ཡོས་མ་ཡིན་པར་རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་(1375)ལ་བཀོད་ནས་ཀློང་ཆེན་པ་མཆོག་མྱ་ངན་ལས་འདས་པའི་ལོ་ཡི་སྟེང་ལ་དོགས་པ་རེ་ཟུང་བཀོད་ཡོད་དེ། དེའི་རྒྱུ་མཚན་ཡང་རབ་བྱུང་དྲུག་པའི་ཤིང་ཡོས་དང་ཡོངས་གྲགས་ཀྱི་ཀློང་ཆེན་པ་མཆོག་གི་མྱ་ངན་ལས་འདས་པའི་ལོ་རབ་བྱུང་དྲུག་པ་ཆུ་ཡོས་ཕྱི་ལོ(1363)གཉིས་ཀྱི་བར་ལ་ལོ་ངོ་བཅུ་གསུམ་ཡོད་པས་དོགས་པ་དེ་ལྟར་ཟོས་ཀྱང་མི་ཆོག་པ་མེད།དེ་བཞིན་དུ་ཀུན་མཁྱེན་མི་ཕམ་པའི་《མཛོད་བདུན་དཀར་ཆག་རིན་ཆེན་མེ་ལོང》་ལས་ཀྱང་། ཤིང་མོ་ཡོས་ཀྱི་ལོར་མཆིམས་ཕུའི་གནས་སུ་མཁའ་འགྲོ་སྙིང་ཐིག་ཉིད་དགོངས་པའི་གཏེར་དུ་བབ་ནས་བརྗོད་བྱའི་དོན་མ་ལུས་ཐུགས་ལ་ཤར་ཏེ། ཞེས་པའི་གསུང་ཚིག་འདི་ཕལ་ཆེར། 《གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་》དྲངས་བ་ཡིན་པར་གསལ་ལོ། །
༣ གནད་དོན་སེལ་སྟངས།
གུས་པ་རང་ཉིད་ཐོག་མར་གནད་དོན་འདི་ལ་འཕྲད་དུས་བསམ་གཞིག་ཇི་ལྟར་བཏང་ཡང་། ཀློང་ཆེན་པ་ཁོང་གི་མྱ་ངན་འདས་པའི་ལོ་དང་འབྲེལ་ནས་བསྐྱར་ཞིབ་ཐེངས་རེ་བྱས་ན། གནད་དོན་གསེད་བཀྲོལ་གྱི་ཐད་ལ་ཕན་པའི་འབྲས་བཟང་རེ་སྨིན་པར་ཡིད་ཆེས་ནས། རྣམ་ཐར་ཞིབ་ཀློག་དང་བགྲོ་གླེང་ཐེངས་འགའ་ཡིག་ཆ་ཕན་ཚུན་བསྡུར་ཞིབ་བྱས་རྗེས།。གཟོད་ལོ་ཚིགས་འདི་དང་འབྲེལ་ནས་རང་ཉིད་ལ་འཚམས་པའི་ལན་རེ་རྙེད་ཐུབ་བྱུང་བ་ཡང་།རྒྱལ་དབང་ཀློང་ཆེན་པའི་རྗེས་སུ་འཇུག་པ་ཞིག་གི་དངོས་ནས་བལྟས་ན་སྤྲོ་སེམས་རབ་ཏུ་འཕེལ་བའི་གནས་ཤིག་ཅི་ལ་མིན། དང་པོ། ཀློང་ཆེན་པ་ཁོང་གི་རྣམ་ཐར་རྒྱུ་ཆ་ཁུངས་གང་ཡོད་གང་བཙན་དག་ལས། གནད་དོན་འདིའི་ཐད་ལ་རོགས་རམ་འདེགས་ཀྱི་ཕན་འབྲས་རྒྱ་ཆེན་པོ་ཡོད་པ་སྨོས་མ་དགོས་པ་རེད། རང་ཉིད་ལ་མཚོན་ན་ད་སྔ་ལག་སོན་བྱུང་བའི་ཀློང་ཆེན་པའི་རྣམ་ཐར་དག་ནི། རབ་བྱུང་དྲུག་པའི་ནང་དུ་བྱོན་པའི་ཁམས་པ་ཆོས་གྲགས་བཟང་བོའི་《ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་བཞུགས་》ཞེས་པ་དང་གཞན་ཡང་རིག་འཛིན་འཇིགས་མེད་གླིང་བ་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་གླག་བླ་ཆོས་འགྲུབ་སོགས་ཀྱིས་བརྩམས་པའི་རྣམ་ཐར་དང་ཀུན་མཁྱེན་རྡོ་རིང་བཅས་དཔྱད་གཞི་ཡིག་ཆ་ལྔ་ཡི་ནང་དུ་ཞལ་མཐུན་པའི་སྒོ་ནས་ཀློང་ཆེན་པ་མྱ་ངན་ལས་འདས་པའི་ལོ་ནི་རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ་(1363)ལོའི་རྒྱལ་ཟླའི་ཚེས་བཅོ་བརྒྱད་ལ་གཏན་ཁེལ་བྱས་ཡོད་པའི་རྒྱུ་ཆ་ཁ་ཤས་ཤིག་གོང་དུ་ཡང་བཀོད་ཟིན་ལ། སླར་ཡང་འདིར་བསྐྱར་ཟློས་ཀྱི་ལས་སུ་མི་ཞུགས་པ་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་《མཛོད་བདུན་དཀར་ཆག་རིན་ཆེན་མེ་ལོང་》ཞེས་པ་དེའི་ནང་དུ་ཡང་“དེ་ལྟ་བུའི་སྐུ་ཚེ་དེ་ཉིད་ཀྱི་མཛད་པ་རྫོགས་སུ་ཉེ་བ་ཆུ་མོ་ཡོས་ཀྱི་གནམ་ལོ་ཤར་བ་དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པའི་ཚེ”ཞེས་ཚིག་གི་གསལ་ཁ་དངོས་སུ་ཕྱེས་པ་འདིས་ཀློང་ཆེན་པའི་འཁྲུངས་འདས་གཏན་ཁེལ་ནུས་ལ། ཀུན་མཁྱེན་མི་ཕམ་པས་ཀྱང་རྣམ་ཐར་འདི་རྩོམ་དུས་དཔྱད་གཞི་ཡིག་ཆ་གལ་ཆེན་དག་གཞིར་བཞག་ནས་བརྩམས་པ་ཡིན་པར་གྲུབ་སྟེ་“གདུལ་བྱ་ཐུན་མོང་པ་དག་གི་ངོར།གནས་གང་དུ་འཁྲུངས། སྐུ་ཚེ་ཇི་ཙམ་བཞེས་པ། མཛད་པ་ཇི་ཞིག་བསྟན་པ་རྣམས་མ་སྨྲོས་ན་བློ་ཚིམ་པར་མི་འགྱུར་བས་སྡེ་དགེའི་མཛོད་བདུན་དཀར་ཆག་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་ཞེ་ཆེན་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས་ཀུན་མཁྱེན་ཆེན་པའི་རྣམ་ཐར་རྒྱས་བསྡུས་དང་། ཆོས་འབྱུང་རྣམས་གུང་བསྒྲིགས་ནས་བརྩམས་པ་ལ་གཞིར་བྱས་ཏེ་བཀོད་པ་ཡིན་ནོ་”ཞེས་པའི་གསུང་ཚིག་འདི་ལས་ཁོང་གིས་ཀྱང་ཀློང་ཆེན་པའི་རྣམ་ཐར་འདི་ལ་དང་དོད་ཆེན་པོ་བྱས་ཡོད་པ་ཤུགས་ལ་གོ་ཐུབ། གཞན་ཡང་གོང་དུ་ཞུས་ཟིན་པའི་དེབ་སྔོན་གྱི་ལུང་དེ་ཡང་ཧ་ཅང་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེ་བས་རྣམ་ཐར་གྱི་རྒྱུ་ཆ་བསྐྱར་ཞིབ་ཁྲོད་ནས་ཀློང་ཆེན་པ་མྱ་ངན་ལས་འདས་པའི་ལོ་མ་གྲོས་གཅིག་མཐུན་གྱིས་(1363)ལ་གཏན་ཁེལ་བྱེད་ཐུབ། གཉིས་པ། འོ་ན་རྣམ་ཐར་གྱི་རྒྱུ་ཆ་དག་ཞལ་མཐུན་པས་མི་ཆོག་ལ། ལྷག་པར་ཀློང་ཆེན་པ་ཁོང་གིས་ དངོས་སུ་གསུངས་བའི་《གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་》སུ་བཀོད་པའི་ཤིང་མོ་ཡོས་ཀྱི་ལོའི་དགུན་གཅིག་མཆིམས་ཕུ་ནས་སོགས་ཀྱི་གསུངས་ཚིག་འདིར་ལན་ཇི་ལྟར་འདེབས་སྙམ་ན། སྤྱིར་ན་སྔོན་གྱི་མཁས་པ་དག་གི་བརྩམས་ཆོས་དག་ལས་གནད་དོན་འདིའི་རིགས་ལྟ་བུ་མང་དུ་བྱུང་བ་ཡང་རྗེས་འཇུག་སློབ་བུ་རྣམས་ཀྱིས་གསུང་དག་བསྡུ་བསྒྲིགས་དང་ཡི་གེར་འབེབ་པའི་སྐབས་སུ་ཡང་བྱུང་བ་མང་ལ། དེ་མ་ཟད་དཔར་བརྐོས་ཀྱི་སྐབས་སུ་ཡང་དེ་ལྟ་བུ་དག་འབྱུང་རིགས་པས། རྗེས་སུ་གནད་དོན་འདི་དག་སེལ་ཐུབ་ལ་ཚིག་གོང་འོག་གི་ལྷུ་འགྲིག་དང་མི་འགྲིག ཡང་ན་དཔྱད་གཞི་ཡིག་ཆ་དག་ལ་ཞིབ་བསྡུར་བྱས་པ་སོགས་ཀྱིས་འདི་དག་སེལ་བའོ། ། ཀློང་ཆེན་པའི་གསུང་ཚིག་འདི་ཡང་ཁོང་གི་གསུང་དངོས་མ་ཡིན་པར་གོང་གི་གནད་དོན་དེ་དག་ལས་གང་རུང་གཅིག་འབྱུང་མི་ཆོག་པ་མེད་པས་འདི་ལ་ཡིག་ཆ་ཕན་ཚུན་བསྡུར་ཞིབ་བྱས་ནས་རང་ཉིད་ཀྱི་འདོད་པ་རེ་དགོད་པར་བྱ། 《གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་》སུ་བྲིས་པའི་ཀློང་ཆེན་པའི་རྣམ་ཐར་འདི་ཀློང་ཆེན་པ་ཁོང་རང་ཉིད་ཀྱིས་གསུངས་བའི་རང་རྣམ་ཞིག་ཏུ་ངེས་བཟུང་ཆོག་པས་འདི་ཧ་ཅང་ཧ་ཅང་དཔྱད་གཞི་ཡིག་ཆ་གལ་ཆེན་དུ་ངོས་བཟུང་ན་འགྲིག་སྙམ། དེས་ན་འདི་ལས་“དེ་ནས་བླ་མ་དམ་པ་ཀུ་མ་རཱ་ཛའི་དྲུང་དུ་”ཞེས་པ་དང་“ཤིང་མོ་ཡོས་ཀྱི་ལོའི་དགུན་གཅིག་མཆིམས་ཕུའི་རི་ལ་སྒྲུབ་པ་མཛད་ཅིང་རི་མོ་ཅན་གྱི་གཉིས་སུ་སྐལ་ལྡན་ཕོ་མོ་བརྒྱད་ལ་”ཞེས་པ་ནས་བཟུང་སྟེ་“བཀའ་སྲུང་མང་པོ་བབས་ཏེ་མཁའ་འགྲོ་སྙིང་ཏིག་གི་ཆོས་བཀའ་འབྱེད་པར་བསྐུལ་ནས་”ཞེས་པ་དང་“དེ་ནས་གངས་རི་ཐོད་དཀར་དུ་འོངས་དུས་མཁའ་འགྲོ་འདུ་བ་མང་པོ་དང་།” ཞེས་པའི་གསུང་གནད་འདི་དག་ནི་རྣམ་ཐར་དག་གི་ནང་དུ་ཀློང་ཆེན་པ་མཆོག་དགུང་གྲངས་ཉེར་བདུན་ནས་བཞི་བཅུ་བར་དུ་བྱུང་བའི་དོན་གནད་དག་ལ་ངོས་འཛིན་དགོས་ཏེ་ཁམས་པ་ཆོས་གྲགས་བཟང་བོའི་མཛད་པའི་ཀུན་མཁྱེན་རྣམ་ཐར་ནང་དུ་ཡང་། དགུང་ལོ་ཉེར་བདུན་གྱི་སྟེང་ནས་ཀུ་མ་རཱ་ཛ་དང་མཇལ་ནས་དབང་ལུང་ཞུས་ཚུལ་དང་མཆིམས་ཕུའི་གནས་སུ་མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་ཕུལ་བ་དང་གངས་རི་ཐོད་དཀར་དུ་བྱོན་ཚུལ་སོགས་རིམ་པ་བཞིན་བྱུང་ལ་དེ་དག་ཀྱང་དགུང་གྲངས་ཉེར་བདུན་ནས་བཞི་བཅུའི་བར་གྱི་རྣམ་ཐར་དུ་གསལ་ལ། གཏེར་འབྱུང་ལས་བྱུང་བའི་གོ་རིམ་དང་གཅིག་ཡིན་པས་ཤིང་མོ་ཡོས་ཟེར་བའི་ཚིག་འདི་ཕལ་ཆེར་འདོར་དགོས་པ་ལྟ་བུར་སེམས། དེར་མ་ཟད་ཀློང་ཆེན་པ་དང་དུས་མཉམ་དུ་བྱུང་བའི་ཁམས་པ་ཆོས་གྲགས་བཟང་པོས་བྲིས་པའི་རྣམ་ཐར་འདི་ཀློང་ཆེན་པའི་དངོས་སློབ་དག་གིས་བསྐུལ་ནས་བྲིས་པ་ཡིན་པས་འདི་ལས་འཁྲུངས་འདས་ཀྱི་ནོར་སྐྱོན་འབྱུང་མི་སྲིད་སྙམ། དེ་མིན་རིག་འཛིན་འཇིགས་མེད་གླིང་བའི་《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་》ལས་ཀྱང་“དེ་ནས་ཉི་ཤུ་རྩ་དགུ་པར་བསམ་ཡས་སུ་ཕེབས་པའི་དཔྱིད་སོས་བླ་མ་དམ་པ་ཀུ་མ་རཱ་ཛ་ཡར་སྟོད་སྐྱིད་སྐྱམ་གྱི་ཕུ་ན་བཞུགས་པ་ལ་གཏད་དེ་བྱོན།”ཞེས་པ་ནས་རིམ་བཞིན་དབང་དང་གདམས་པ་ཡོངས་རྫོགས་ཞུས་ཚུལ་དང་།“སང་ཕོད་སུམ་བཅུ་རྩ་གཉིས་པར་མཆིམས་ཕུའི་རི་མོ་ཅན་དུ་སྒྲུབ་པ་ལ་བཞུགས་དུས།སྐལ་ལྡན་གྱི་རྣམ་འབྱོར་ཕོ་མོ་བརྒྱད་ལ་སྙིང་ཏིག་གི་གདམས་པ་བཏབ་”ཅེས་པའི་སྐབས་ཀྱི་དགུང་གྲངས་སོ་གཉིས་པ་འདི་ས་ཡོས་ཤིག་ལ་ཁེལ་ཡོད་པས་དེ་ནོར་ནས་ཤིང་ཡོས་བྲིས་པ་ཨེ་ཡིན་སྙམ།“མན་ངག་མཁའ་འགྲོའི་སྙིང་ཏིག་གི་ཆོས་སྒོ་ཕྱེ། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚུལ་དུ་བྱོན།”ཞེས་པའི་ཚིག་འདི་དག་གཏེར་འབྱུང་ལས་བྱུང་བ་དེ་དག་དང་འདྲ་བར་མ་ཟད་གོ་རིམ་དང་ས་གནས་བྱུང་བ་མི་གྲངས་སོགས་ཀྱི་ཐད་ནས་ཀྱང་འདྲ་ཆེ་བས་ཤིང་མོ་ཡོས་ཟེར་བའི་ཚིག་འདི་ས་ཡོས་སུ་འཁྲུལ་པའམ་ཕྱིས་ཀྱི་གང་ཟག་རེ་ཟུང་གིས་བསྣན་པའམ། ཡང་ན་ནོར་ཏེ་བྲིས་པ་ཡིན་པར་སྒྲུབ་བྱེད་འདི་དག་གིས་གྲུབ་པར་སེམས་སོ། །
བསྟན་པའི་རྒྱལ་མཚན་ཞེས་པས་ཟླ་ཚེས་བཟང་པོ་ལ་བྲིས་པ། དགེའོ། ། དགེའོ། །