བོད་ཀྱི་དགོན་སྡེའི་གདན་རབས་ཡིག་ཚང་བགྲོ་གླེང་སྐབས་དང་པོ་སྤེལ།169
发表时间:2024-04-05 17:44
སྤྱི་ཟླ 4 ཚེས 5 ཉིན། མཚོ་ལྷོ་ཁུལ་བོད་རིག་གནས་ཞིབ་འཇུག་ཚོགས་པས་བསྡུས་པའི་བོད་ཀྱི་དགོན་སྡེའི་གདན་རབས་ཡིག་ཚང་བགྲོ་གླེང་སྐབས་དང་པོ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་རྣམ་གྲངས“《ཀྲུང་གོ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ལོ་རྒྱུས་ཆེན་མོ》དང་བོད་ཡིག་གི་དགོན་སྡེའི་གདན་རབས་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག”ལས་ཡིག་ཆ་ལེགས་སྒྲིག་གི་དབུ་འཛིན་མཛད་སྒོ་གཉིས་མཉམ་དུ་ཨ་མདོ་སེང་ཁྲི་དགོན་དུ་འཚོགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བོད་ཀྱི་དགོན་སྡེའི་གདན་རབས་ཡིག་ཚང་རྒྱུན་འཛིན་དང་འཕེལ་རྒྱས་ལ་དམིགས་པ་མ་ཟད། གོང་སྨྲོས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་གསོན་ཤུགས་གསར་པ་བསྣན་པ་རེད།
མཛད་སྒོའི་ཐོག མཚོ་ལྷོ་ཁུལ་བོད་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྒན་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས་ཐོག་མའི་ཤིས་བརྗོད་གནང་བ་དང་། ཁོང་གིས་བོད་ཀྱི་དགོན་སྡེའི་གདན་རབས་ཡིག་ཚང་གིས་བོད་ཀྱི་རིག་གནས་ཁྲོད་བཟུང་བའི་གོ་གནས་གལ་ཆེན་སྐོར་ནན་བཤད་གནང་ཞིང་། འབྱུང་འགྱུར་བོད་ཡིག་གི་དགོན་སྡེའི་གདན་རབས་ཡིག་ཆ་ལེགས་སྒྲིག་ཞིབ་འཇུག་བྱ་རྒྱུ་དེས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྔོག་འདོན་གཏིང་ཟབ་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ནུས་པ་བླ་ལྷག་ཐོན་ཐུབ་ཅེས་གསུངས།
བགྲོ་གླེང་ཚོགས་འདུར་ཞུགས་པའི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཟབ་པའི་དགོན་སྡེ་ཁག་གི་ཤེས་ཡོན་པ་མཁན་པོ་དང་དགེ་རྒན། བསླབ་གཉེར་བ་རྣམས་ཀྱིས་བོད་ཀྱི་དགོན་སྡེའི་གདན་རབས་འབྲི་སྲོལ་རྒྱུན་འཛིན་འཕེལ་རྒྱས་གཏོང་བ་དང་། བོད་ཡིག་གི་དགོན་སྡེའི་གདན་རབས་ཡིག་ཆ་ལེགས་སྒྲིག་ཞིབ་འཇུག་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་བགྲོ་གླེང་བྱས། ཚང་མས་བོད་ཀྱི་དགོན་སྡེའི་གདན་རབས་རྒྱུན་འཛིན་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུ་ནི། བོད་ཀྱི་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་མཛད།
ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་འདིས་བོད་ཀྱི་དགོན་སྡེའི་ལོ་རྒྱུས་རྒྱུན་འཛིན་དང་འཕེལ་རྒྱས་ལ་བགྲོ་གླེང་གི་སྟེགས་བུ་གལ་ཆེན་ཞིག་བཏོད་པ་དང་། བོད་ཡིག་གི་དགོན་སྡེའི་གདན་རབས་ཡིག་ཆ་དག་སྒྲིག་ལ་འབྲས་བཟང་འབྱུང་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་རེད།
ཚོགས་འདུའི་མཇུག་གི་མཉམ་པར། |