མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

ཀུན་རྫོབ་སེམས་བསྐྱེད་ལ་དཔྱད་པ་ལུང་རིགས་བདེན་པའི་རྔ་སྒྲ།

176
发表时间:2024-08-19 23:08作者:འཇམ་དཔལ་དགྱེས་པ།

༄༅།།ཀུན་རྫོབ་སེམས་བསྐྱེད་ལ་དཔྱད་པ་ལུང་རིགས་བདེན་པའི་རྔ་སྒྲ།


འཇམ་དཔལ་དགྱེས་པ།


ཚུ་རོལ་ཕ་རོལ་སྲིད་ཞིའི་མཐའ། །

ཐབས་ཤེས་ཟུང་འཇུག་ནུས་ལྡན་པའི། །

ཡེ་ཤེས་རྫུ་འཕྲུལ་སྟོབས་ཀྱིས་བསལ། །

བླ་མ་དེ་ལ་གུས་ཕྱག་འཚལ། །


   མཐའ་ཡས་པའི་སེམས་ལྡན་ཀུན་ལ་མཐར་ཐུག་གཏན་གྱི་བདེ་བ་བླ་མེད་འཁོར་འདས་ཀྱི་འབྲས་བུ་ཆོས་སྐུ་ཆེན་པོ་མངོན་དུ་བྱེད་པའི་ལམ་བཟང་གཅིག་པུ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ་དམ་པ་རྒྱལ་བའི་ཡུམ་ཆེན་མོ་འདི་ཁོ་ནར་ངེས་ཤིང་དེ་ཡི་ངོ་བོའི་ཚུལ་ནི། སྟོན་པའི་མདོ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་དུ་མར་གསལ་བར་མཛད་པ་ལས་འདིར་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་གྱི་བསྟན་ཚུལ་ནི་སྐབས་བརྒྱད་ཀྱི་སྒོ་ནས་བསྟན་པ་ཡིན་ཞིང་། དེའི་སྐབས་དང་པོར་ཤེས་བྱ་རྣམ་མཁྱེན་དེ་ཉིད་མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་བསྟན་པ་ལས་སྐབས་འདིར་ལམ་གྱི་རང་བཞིན་སེམས་བསྐྱེད་འཆད་པའི་སྐབས་ལས་འཕྲོས་ཏེ་རང་ལུགས་ཀྱི་བཞེད་གཞུང་ལྟར་སེམས་བསྐྱེད་སྐོར་གྱི་བཞེད་ཚུལ་འགའ་ཞིག་ཞུ་བ་ལ།

   ཡང་དག་པའི་མཚན་ཉིད་གཏན་ལ་འབེབས་པ། ངོ་བོ་སེམས་དང་སེམས་བྱུང་གི་བཞེད་ཚུལ་འགལ་མེད་སྒྲུབ་པ   དབྱེ་བ་སྨོན་འཇུག་གི་ཁྱད་པར་བཤད་པ་སྟེ་ས་བཅད་གསུམ་ལས།

   ས་བཅད་དང་པོ། མངོན་རྟོགས་རྒྱན་ལས།   སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་སྒྲ་ཇི་བཞིན་པ་ལྟར་དེའི་མཚན་ཉིད་ཁས་ལེན་པ་འགའ་ཞིག་ཀྱང་ཡོད་མོད་འདིར་གཞན་བཞེད་དེ་དག་རྒྱས་པར་བཀོད་ནས་རེ་རེར་སྐྱོན་བརྗོད་མི་དགོས་ཏེ། འོག་ནས་རང་ལུགས་ཇི་བཞིན་གསལ་བོར་བཤད་པའི་ཁུངས་སུ་གསལ་བའི་མདོ་དང་བསྟན་བཅོས་དག་གིས་གནོད་པ་ཤུགས་ལ་གོ་ནུས་པས་སོ། །དེས་ན་འདིར་རང་ལུགས་སུ་དེའི་མཚན་ཉིད་ནི། དམིགས་ཡུལ་རྫོགས་བྱང་ལ་དམིགས་ནས་གཞན་དོན་དུ་གང་ཟག་བདག་ཉིད་སངས་རྒྱས་སུ་འགྱུར་འདོད་ཀྱི་བློ་མ་བཅོས་པ་དེ་དེའི་མཚན་ཉིད་ཡིན་ཏེ། དང་པོར་གཞན་དོན་འབའ་ཞིག་གཉེར་པའི་བྱང་སེམས་རིགས་ཅན་པ་དག་གིས་གཞན་དག་སྡུག་བསྔལ་ལས་ཐར་ཕྱིར་ཏུ་དེའི་ཐབས་དམ་པ་མ་ནོར་བ་འཚོལ་བ་ལ་འབད་ནས་མཐར་དེ་འདྲའི་ཐབས་དམ་པ་ནི་སེམས་ཅན་ཀུན་གྱི་སྔོན་དུ་རང་ཉིད་སངས་རྒྱས་སུ་འགྱུར་དགོས་པ་འདི་ཡིན་པ་ཤེས་ནས་དེའི་རྒྱུའི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས་བྱང་སེམས་དེས་བདག་ཉིད་ཀྱིས་གཞན་མཐའ་དག་གཏན་བདེར་དགོད་ནུས་པར་ངེས་པར་བྱ་དགོས་སྙམ་དུ་སེམས་ཤིང་། དེ་འདྲའི་ནུས་པ་དེ་བདག་ཉིད་སངས་རྒྱས་སུ་མ་གྱུར་བར་དུ་མེད་ལ་གྱུར་པ་ལ་ཡོད་པར་ངེས་ཚེ་དེ་དག་གིས་སེམས་བསྐྱེད་པ་ན་གཞན་དོན་དུ་བདག་ཉིད་སངས་རྒྱས་དགོས་སྙམ་དུ་སེམས་བསྐྱེད་པ་སྟེ།

1 ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟལས། དེ་བས་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ལ་གནས་ཀྱང་སེམས་ཅན་ཉུང་ཟད་ཙམ་ཐར་པ་ལ་དགོད་པར་ནུས་ཀྱི་ཐམས་ཅད་མཁྱེན་པ་ལ་དགོད་པར་མི་ནུས་པས། འགྲོ་བ་མཐའ་ཡས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པར་ནུས་པ་དེ་སངས་རྒྱས་ཉག་གཅིག་ལ་ཡོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་འདོད་པ་བསྐྱེད་དེ། སློབ་དཔོན་འཕགས་པས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཞེས་གསུངས་པ་ལྟར་རོ། ཞེས་གསུངས་པ་ལྟར་སེམས་བསྐྱེད་ཀྱི་མཚན་ཉིད་འདི་ཁོ་ན་ལྟར་བྱས་ན་དེ་དག་གིས་ཡུལ་གང་ལ་དམིགས་ནས། ཚུལ་ཇི་ལྟར། དགོས་པ་ཅིའི་ཕྱིར་སེམས་བསྐྱེད་པ་ཡིན་པའི་ཚུལ་དང་མཐུན་པའི་ཕྱིར་ཏེ། 2 ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ལས། ཐབས་ལས་བྱུང་བ་དང་དེའི་རྒྱུ་མངོན་སུམ་དུ་མཛད་ནས་དེ་དག་ཕྱིན་ཅི་མ་ལོག་པར་བསྟན་པར་མཛད་པའི་ཕྱིར་སྐྱོབ་པ་ཉིད་བརྙེས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་།   གཞན་ཡང་། འདིར་ཀུན་རྫོབ་སེམས་བསྐྱེད་ནི་བྱང་སེམས་རྣམས་ཀྱི་སྨོན་པ་ལྟར་འགྲུབ་ཏུ་ཡོད་པའི་རྫོགས་སྨིན་སྦྱངས་གསུམ་གྱི་ནང་ཚན་གྱི་སྨོན་ལམ་ཡིན་པའི་ཕྱིར་ནའང་གོང་ལྟར་འཐད་པ་སྟེ། 3 སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ལས། ནམ་འདོད་པ་དང་ནམ་སེམས་བསྐྱེད་པ་ན་སྨོན་ལམ་ཡོངས་སུ་རྫོགས་པར་སེམས་ཅན་ལ་ཡང་དག་པར་སྟོན་པའི་བྱིན་གྱིས་རླབས་ཀྱི་ལས་སོ། །ཞེས་པས་དེ་འགྲུབ་ཏུ་ཡོད་པའི་སྨོན་ལམ་དུ་བསྟན་པའི་ཕྱིར་དང་། གཞན། 4 འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། ཞེས་བདག་ཉིད་སངས་རྒྱས་པར་སེམས་བསྐྱེད་པར་བསྟན་པ་དང་། ལུང་གཞན་ཡང་།   5   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ།གང་གཱའི་ཀླུང་ལ་བྱེ་མ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ།ཞེས་འདིར་ཡང་གོང་སྨྲས་ཀྱི་མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་དེ་རྫོགས་སྨིན་སྦྱངས་གསུམ་གྱི་ནང་ཚན་གྱི་སྨོན་ལམ་ལ་བསྟན་པར་གསལ་བ་དང་། 6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་འགྱུར་བ། དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ།རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ཞེས་མདོ་དེར་བྱང་སེམས་རྣམས་ཕར་ཕྱིན་དག་ལ་སྤྱོད་པའི་ཚེ་སེམས་ཅན་སྲོག་གཅོད་པ་མཐོང་བ་ནས་སེམས་ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་དག་མཐོང་བ་ན། བྱང་སེམས་དེས་སེམས་ཇི་ལྟར་བསྐྱེད་པར་བསྟན་པ་ན་གོང་ནས་ཇི་ལྟར་བསྟན་པ་ལྟར་བདག་ཉིད་སངས་རྒྱས་པར་སེམས་བསྐྱེད་པར་བསྟན་པ་དང་། ཡང་དེ་ཉིད་ལས། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར་ལེ་ལོའི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། མཐོ་རིས་སུ་སྐྱེ་བ་ཡང་ལེ་ལོ་ཅན་གྱིས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས།དེ་བས་ན་བདག་གིས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ། །དེ་དག་རྟག་ཏུ་བརྩོན་པ་མི་འདོར་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ཞེས་དང་། 7 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཚེ།ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མྱེད་གྲངས་མྱེད་པར་འགྱུར། ཆོས་བསྟན་པ་གཅིག་གིས་སྟན་གཅིག་པའི་དགྲ་བཅོམ་པ་ནི་ཚད་མྱེད་གྲངས་མྱེད་པར་འགྱུར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར།བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཚད་མྱེད་གྲངས་མྱེད་པར་འགྱུར། ཚེའི་ཚད་ནི་དཔག་ཏུ་མྱེད་པར་འགྱུར།འོད་དཔག་ཏུ་མྱེད་པ་ནི་ཕུན་སུམ་ཚོགས་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་མདོ་ཕྲན་ཚེགས་སོགས་མདོ་གཞན་ནའང་གོང་ལྟར་བསྟན་པ་མང་ནའང་འདིར་མདོ་ལུང་དེ་ཙམ་གྱིས་འཐུས་པར་བྱའོ། །གཞན་རྒྱ་འགྲེལ་གྱི་བསྟན་བཅོས་དག་ནའང་འདི་ལྟར་གསལ་ཏེ། 8 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ལས། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །ཞེས་དང་། 9 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ་ལས།འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་འདི་ཉིད་ལས་དོན་དུ་གཉེར་བ་ཡིན་ནོ་ཞེས་གསུངས་ཏེ་འདི་ལྟར་སེམས་བསྐྱེད་པ་ན་བྱང་ཆུབ་སེམས་དཔའ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། ཞེས་གོང་གི་སྟོང་ཕྲག་ཉི་ཤུ་ལྔ་པའི་ལུང་དོན་ཐོབ་ཀྱིས་འཕགས་པས་དྲངས་པ་འདིས་ཀྱང་མདོ་ལུང་དེའི་དོན་སྒྲ་ཇི་བཞིན་ཁས་ལེན་དགོས་པ་ཤེས་ནུས་སོ། །དེས་ན་གོང་གི་ལུང་དེ་དག་དང་མཐུན་པར་འཇམ་མགོན་བླ་མའི་10མདོ་སྡེ་རྒྱན་འགྲེལ་ལས་ཀྱང་། དེས་ཅི་ལ་སེམས་པའམ་ཅི་ལ་དམིགས་ནས་སེམས་བསྐྱེད་ཅེ་ན། བདག་བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བ་ལ་སེམས་ཤིང་དམིགས་པ་དང་།གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱེད་པར་སེམས་ཤིང་དམིགས་པ་སྟེ་དེ་ལྟར་བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པ་ནི་དོན་གཉིས་དང་ལྡན་པའི་སེམས་སེམས་བྱུང་མཚུངས་ལྡན་གྱི་སེམས་འབྱུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་སྟེ། མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་བྱའོ་ཞེས་སེམས་ཤིང་སྨོན་ལམ་གྱིས་ཁས་བླངས་པའོ། ཞེས་སོགས་གསུངས་པ་ལྟར་རང་ལུགས་འདི་ལྟར་འཐད་དོ། །

   འོ་ན་11 ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། རྒྱལ་སྲས་དེ་ཡང་རྣམ་པ་གསུམ་ཉིད་དེ། །རང་ཉིད་གྲོལ་ནས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །རང་དང་འགྲོ་བ་མཉམ་དུ་ཐར་འདོད་པ། །གྲུ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །འགྲོ་བ་བསྒྲལ་ནས་རང་ཉིད་ཞི་འདོད་པ། །རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གསུམ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །བདུན་དང་གསུམ་གྱིས་གྲོལ་བ་ཐོབ་པ་ནི། །དབང་པོའི་རིམ་པ་ལགས་པར་མདོ་ལས་གསུངས། །ཞེས་དང་། ཡང་། 12 རྫོགས་པ་ཆེན་པོའི་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས། དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་འཁོར་བ་ལས་ཐར་པ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་གྱུར་པའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་པ་དང་། སྐྱོང་བྱེད་ལྟ་བུའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི། གཏམ་ཚོགས་ལེའུ་ཞེ་བརྒྱད་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང་ལསརང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་གཞན་དག་ཀྱང་བྱང་ཆུབ་ལ་འགོད་པར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང༌། རང་དང་སེམས་ཅན་ལྷན་ཅིག་པར་ཐར་པ་འདོད་པ་མཉན་པ་ལྟ་བུའི་སེམས་བསྐྱེད་དང༌། རང་དོན་ལ་རྟོག་པ་མེད་པར་སེམས་ཅན་གཞན་ཁོ་ནའི་དོན་བསྒྲུབ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་སོགས་ཀྱིས་ཟིན་པར་གཅེས་པ་ཡིན་ནོ། ཞེས་སོགས་གཞུང་འགའ་ཞིག་ན་སེམས་བསྐྱེད་ལ་འདི་གསུམ་ཡོད་པར་གསུངས་པ་དག་དང་མི་འགལ་ལམ་ཞེ་ན་དེ་དག་ལས་འགའ་ཞིག་གིས་ཟུར་གཉིས་ཚང་བ་ཙམ་གྱི་དབང་དུ་བྱས་ནས་སེམས་བསྐྱེད་དུ་བསྟན་པ་དང་། རང་གཞུང་དག་གི་བཞེད་པ་ནི་དང་པོར་སེམས་བསྐྱེད་མ་སྐྱེས་པའི་གང་ཟག་དག་གིས་དང་པོར་སེམས་བསྐྱེད་བསྒོམ་པའི་ཚེ་ན་ལྷག་བསམ་གྱི་བསམ་པ་རྩལ་རྫོགས་པའི་ཕྱིར་སེམས་ཅན་ཀུན་གྱི་རྗེས་དང་མཉམ་དུ་འཚང་རྒྱ་བ་མི་སྲིད་པ་ཤེས་བཞིན་དུ་དེ་ལྟར་བྱུང་ན་ཅི་མ་རུང་སྙམ་དུ་ཡིད་སྨོན་པའི་ཚུལ་གྱིས་སེམས་དེ་འདྲ་བསྐྱེད་པ་མི་སྲིད་པ་མིན་པའི་ཕྱིར་དེ་ལ་དགོངས་པའམ། ཡང་ན་སེམས་བསྐྱེད་སྐྱེས་པའི་བྱང་སེམས་ལའང་སེམས་སྟོབས་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་གྱིས་དེ་འདྲའི་སྨོན་ལམ་མི་འདྲ་བ་གསུམ་ཡོད་པ་ལ་དགོངས་པར་འགྲེལ་ནའང་རུང་སྟེ། བྱང་སེམས་ཀྱི་སྨོན་ལམ་ཡིན་ན་འགྲུབ་ཏུ་ཡོད་པས་མ་ཁྱབ་པ་སྤྱོད་འཇུག་ལས་གསལ་བ་ལྟར་རོ། །འོ་ན་སེམས་བསྐྱེད་ཡིན་ན་དེ་འདྲའི་སྨོན་ལམ་དེ་འགྲུབ་ཏུ་ཡོད་པའི་ཁྱབ་མཐའ་གཅོད་ནུས་སམ་ཞེ་ན་དེ་ལྟར་ཁྱབ་མཐའ་བཅད་པའི་གཞུང་མེད་ནའང་། མདོ་ལས་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྨོན་ལམ་གཙོ་བོར་བསྟན་པ་དང་། རྫོགས་སྨིན་སྦྱངས་གསུམ་གྱི་ནང་ཚན་གྱི་སྨོན་ལམ་ཡིན་པར་གསུངས་པའི་ཕྱིར་ན་ངེས་པར་སེམས་བསྐྱེད་ལ་དེ་འདྲའི་ཆ་གཉིས་སུ་འཇོག་དགོས་པའི་རྒྱུ་མཚན་ཆེན་པོ་མི་སྣང་བས་ན་མཐའ་གཅིག་ཏུ་འགྲུབ་ཏུ་ཡོད་པའི་སྨོན་ལམ་དུ་འཆད་ནའང་འགལ་བ་མེད་པར་སེམས་སོ། །གལ་ཏེ་སེམས་བསྐྱེད་གསུམ་པོ་སེམས་བསྐྱེད་མཚན་ཉིད་པ་དང་དེའི་རབ་འབྲིང་ཐ་གསུམ་གྱི་ཁྱད་ཀྱང་དེ་ལྟར་ཡིན་ན་རབ་འབྲིང་གཉིས་པོ་གང་རུང་ལྡན་པའི་བྱང་སེམས་ཡིན་ན་དེའི་རྒྱུད་ལ་ཐ་མ་མི་ལྡན་པས་ཁྱབ་ཟེར་དགོས་ནའང་དེ་ནི་མི་འཐད་པར་སེམས་ཏེ། བྱང་སེམས་ཡིན་ན་དེའི་རྒྱུད་ལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཡོད་དགོས་པས་ཁྱབ་སྟེ། དེའི་རྒྱུད་ལ་རྫོགས་སྨིན་སྦྱངས་གསུམ་གྱི་ནང་ཚན་གྱི་སེམས་བསྐྱེད་ཡོད་པས་ཁྱབ་པའི་ཕྱིར་རོ། །དེས་ན་རང་དོན་ཡིད་བྱེད་རྡུལ་ཙམ་ཡང་མ་འདྲེས་པར་གཞན་དོན་འབའ་ཞིག་གི་ཆེད་དུ་རང་ཉིད་དང་པོར་སངས་རྒྱས་འདོད་ཀྱི་སེམས་བསྐྱེད་ལྟ་བུར་མཚོན་ན་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཡིན་ནའང་ཐ་མར་འཇོག་དཀའ་སྟེ་རང་དོན་དང་མ་འདྲེས་ཤིང་ཐབས་ཚུལ་མ་ནོར་བར་འཇུག་པ་ཡིན་པས་སོ། །དེས་ན་གཙོ་བོ་གོང་གི་ལུང་དག་གིས་གནོད་པས་ན་འདིར་གཞན་གཉིས་བཏགས་པ་བར་འཆད་ནའང་འགལ་བ་ཅི་ཡང་མེད་དོ། །ཡང་རང་ལུགས་འཛིན་པ་འགའ་རེས་སེམས་བསྐྱེད་ཡིན་ན་སྤྲོས་བྲལ་རྟོགས་པའི་བློ་ཡིན་པས་ཁྱབ་པར་བཞེད་པལྟར་ན་གོང་གི་མདོ་ཚིག་ཕལ་ཆེ་བའི་དངོས་ཟིན་དང་མི་མཐུན་ཞིང་། དཔལ་ལྡན་ཟླ་བས་རྒྱལ་སྲས་ཀྱི་རྒྱུ་གསུམ་འཆད་སྐབས་གཉིས་སུ་མེད་བློ་བགྲངས་ནས་སེམས་བསྐྱེད་བགྲངས་པའང་མི་འཐད་པར་ཐལ་ཞིང་།   སློབ་དཔོན་ཀ་མ་ཤཱི་ལས་བསྒོམ་རིམ་ལས་སེམས་བསྐྱེད་ལ་ཀུན་རྫོབ་དང་དོན་དམ་གྱི་དེ་གཉིས་སུ་བསྟན་ནས་དང་པོའི་ངོ་བོ་ཟུར་གཉིས་ལྡན་གྱི་བློར་བསྟན་པ་དང་ཡང་འགལ་བའི་ཕྱིར་དང་།སྤྲོས་བྲལ་རྟོགས་མེད་ན་བྱང་སེམས་མིན་པའི་ཁྱབ་མཐའ་གཅོད་དགོས་པར་ཡང་ཐལ་བའི་ཕྱིར་ན་དེ་འདྲའི་ལུགས་དེ་མི་འཐད་དོ། །

   ས་བཅད་གཉིས་པ།   ཁ་ཅིག་གིས་ཐོགས་མེད་སྐུ་མཆེད་གཉིས་དང་། འཕགས་སེང་གཉིས་ཀྱི་སེམས་བསྐྱེད་ཀྱི་ངོ་བོ་ངོས་འཛིན་ཚུལ་འགལ་བར་སྨྲ་ཞིང་རྒྱུ་མཚན་གཙོ་བོ་ནི་འགྲེལ་ཆུང་དང་། རྒྱན་སྣང་སོགས་ལས་བསྟན་པའི་རྩོད་པ་དང་དེའི་ལན་སྟོན་པའི་གཞུང་དང་།   སྐུ་མཆེད་གཉིས་ཀྱིས་བྱང་སེམས་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པར་བསྟན་པ་དང་།   སློབ་དཔོན་དབྱིག་གཉེན་གྱིས་ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པ་ནི་སེམས་བསྐྱེད་པར་བསྟན་པའི་ཚིག་འདི་དག་ཁུངས་སུ་མཛད་ནས་དེ་གཉིས་ཀྱི་ལུགས་ལ་སེམས་བསྐྱེད་ཀྱི་ངོ་བོ་སེམས་བྱུང་འབའ་ཞིག་ཏུ་བཞེད་པ་དང་། འཕགས་སེང་ལུགས་ལ་གཙོ་སེམས་འབའ་ཞིག་ཏུ་བཤད་ནས་དེ་གཉིས་འགལ་བར་འཆད་མོད། ལུགས་དེའི་སྒྲུབ་བྱེདདག་ལས་སྐུ་མཆེད་གཉིས་ཀྱི་ལུང་དག་ལ་གསལ་ཁ་མི་སྣང་ཞིང་། སྤྱིར་དབུ་སེམས་གཉིས་ལ་འདིའི་ཐད་ནས་རང་རང་སོ་སོའི་བདེན་གཉིས་གང་ལྟར་བྱས་ཀྱང་གྲུབ་མཐའི་གནད་འདིའི་དབང་གིས་སེམས་ཙམ་པས་ནི་སེམས་བསྐྱེད་ཀྱི་ངོ་བོ་སེམས་བྱུང་འབའ་ཞིག་དང་།   དབུ་མ་པས་ནི་གཙོ་སེམས་ཁོ་ནར་གོ་དགོས་པའི་གོ་བ་མི་རྙེད་ལ་ཡུམ་མདོ་ན་ཕལ་ཆེར་སེམས་སེམས་བྱུང་གི་ཁྱད་པར་མཛད་པ་མེད་པས་ན་མཐའ་གཅིག་ཏུ་འགལ་བར་སྨྲ་བ་ལ་ཧ་ཅང་ལེགས་པའི་ཆ་མ་མཐོང་ཞིང་། དོན་གསལ་དང་རྒྱན་སྣང་གི་རྩོད་པ་དང་ལན་བསྟན་པའི་གཞུང་དེའི་དོན་གོང་ལྟར་མིན་ཚུལ་རང་ལུགས་སྐབས་སུ་ཞུ་བར་བྱའོ།། འོ་ན་རང་ལུགས་གང་ཡིན་ཞེ་ན་དེ་ནི་འཕགས་སེང་གཉིས་དང་སྐུ་མཆེད་གཉིས་ཀྱི་དགོངས་པ་མི་འགལ་བའི་ལུགས་སུ་འཐད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི། 13 ཡིད་བཞིན་མཛོད་ལས། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་བསྐྱེད། །སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག།སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག ཅེས་དང་། 14 སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས། དེ་ཡང་སེམས་ནི་དོན་གྱི་ངོ་བོ་རིགས་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་བསྐྱེད་པར་འགྱུར་ཏེ། འདུན་པ་སེམས་བསྐྱེད་ལ་སོགས་པ་ཞར་ལ་ཐོབ་པ་བཞིན་ནོ། ཞེས་གསུངས་པ་ལྟར་ན་རང་ལུགས་སུ་འགྲེལ་ཆུང་དོན་གསལ་ལས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བ་ཡིན་ལ། སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ། ཇི་ལྟར་ན་དེ་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན་བདེན་མོད་ཀྱི།འོན་ཀྱང་འདིར་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་རྒྱུས་འབྲས་བུ་བསྟན་པ་ཡིན་ཏེ། ཞེས་སོགས་གསུངས་པའི་དོན་ནི་རྩ་བར་གང་ཟག་གིས་ཆེད་དུ་གཉེར་ནས་གཙོ་བོར་བསྐྱེད་པའི་སེམས་བསྐྱེད་པ་ནི་ཞེས་ཞར་བྱུང་མ་ཡིན་པའི་གཙོ་བོར་བསྐྱེད་པའི་ཟུར་གཉིས་ལྡན་གྱི་གཙོ་སེམས་དེ་ཚིག་དངོས་ཟིན་ལ་བཤད་གཞིར་བྱས་ནས་དེ་ལ་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་འདོད་པའི་མིང་གིས་བསྟན་པ་ན་འདོད་པའམ་འདུན་པ་དེ་ཞར་ལ་བྱུང་བའི་སེམས་བྱུང་ཡིན་པས་དེ་ཇི་ལྟར་ན་གཙོ་བོར་བསྐྱེད་པའི་སེམས་བསྐྱེད་དེ་ཡིན་པར་འགྱུར་ཞེས་པ་ལ། འདུན་པ་སེམས་བྱུང་དེ་གང་ཟག་གིས་གཙོ་བོར་བསྐྱེད་པའི་སེམས་བསྐྱེད་པ་མ་ཡིན་པ་བདེན་མོད་ཀྱི་ཞེས་འགྲེལ་ནའང་འགྲེལ་མི་འགྲིག་པ་གང་ཡང་མེད་ཅིང་། གཞུང་འདིའི་དོན་འདི་ལྟར་འགྲེལ་མ་ནུས་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ལུང་ཚིག་འདི་གཉིས་ལ་ཚིག་ནུས་ཅི་ཡང་མེད་ཅིང་དགོས་མེད་ལྷག་སྐྱོན་ཅན་དུ་འགྱུར་དགོས་ནའང་དེ་འདྲ་མི་སྲིད་པའི་ཕྱིར་རོ། །ཡང་གལ་ཏེ་སེམས་སེམས་བྱུང་གཉིས་ཀ་སེམས་བསྐྱེད་པ་ཡིན་ན་རྩ་བའི་དངོས་ཟིན་ལ་ཅིའི་ཕྱིར་ཟུར་གཉིས་ལྡན་གྱི་གཙོ་སེམས་སེམས་བསྐྱེད་དུ་བསྟན་ཞེ་ན། དེ་ནི་གང་ཟག་གིས་གཙོ་བོར་བསྐྱེད་དགོས་པའི་སེམས་བསྐྱེད་ནི་སེམས་སེམས་བྱུང་གཉིས་ལས་གཙོ་སེམས་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ཡིན་པར་སྟོན་པའི་ཕྱིར་ཡིན་ཏེ། 15 འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ལས།བསྐྱེད་པ་ཞེས་སྨོས་པ་ནི་མ་བསྐྱེད་པ་བསྐྱེད་པར་ཤེས་པར་བྱའོ། ཞེས་གསུངས་པའི་ཕྱིར་རོ། དེས་ན་བཞེད་པ་འདི་གཉིས་འགལ་བར་འཛིན་པ་ནི་འཐད་པར་མི་སྣང་སྟེ། ཟུར་གཉིས་ལྡན་གྱི་སེམས་སེམས་བྱུང་གཉིས་ཀ་སེམས་བསྐྱེད་ཀྱི་རྟེན་དང་།   རྒྱུ་སྐྱེ་འགག་གནས་པ་གཅིག་ཅིང་། ཕན་ཡོན་ཡང་དེ་གཉིས་ལ་ཁྱད་འབྱེད་མི་ནུས་པས་དེ་གཉིས་ལ་སེམས་བསྐྱེད་ཡིན་མིན་གྱི་ཁ་ཚོན་གཅོད་དཀའ་བའི་ཕྱིར་གཉིས་ཀ་སེམས་བསྐྱེད་དུ་འདོད་པ་ནི་ཧ་ཅང་འཐད་དེ་རྗེ་བཙུན་ཉིད་ཀྱི་རྒྱན་གཉིས་ལས་སེམས་སེམས་བྱུང་གཉིས་ལ་སེམས་བསྐྱེད་དུ་བསྟན་པའི་གཞུང་ཚིག་སྣང་བ་གང་ཞིག་འཕགས་སེང་དང་། སྐུ་མཆེད་གཉིས་ཀྱིས་ཀྱང་གཞུང་དེ་གཉིས་ཀྱི་བསྟན་ཚུལ་ལྟར་མཚན་གཞི་ངོས་འཛིན་མ་འདྲ་བ་ཙམ་ལས་ཁྱབ་མཐའ་བཅད་པ་མི་སྣང་བས་སོ། །དེས་ན་རང་ལུགས་ལ་འཕགས་སེང་དང་སྐུ་མཆེད་དགོངས་པ་འགལ་མེད་དུ་བཞེད་དགོས་ཏེ། 16 འཇམ་མགོན་བླ་མའིམདོ་སྡེ་རྒྱན་འགྲེལ་ལས་ཀྱང་དོན་གཉིས་དང་ལྡན་པའི་སེམས་སེམས་བྱུང་མཚུངས་ལྡན་གྱི་སེམས་འབྱུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་སྟེ། མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་བྱའོ་ཞེས་སེམས་ཤིང་སྨོན་ལམ་གྱིས་ཁས་བླངས་པའོ། ཞེས་གསུངས་པ་ལྟར་རང་ལུགས་ལ་འགལ་མེད་དུ་སྨྲ་བ་འདི་ཧ་ཅང་ལེགས་པར་སེམས་སོོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ཞེས་བྱ་བ།


   ས་བཅད་གསུམ་པ། སྨོན་འཇུག་གི་ཁྱད་པར་ལ་འཆད་ཚུལ་མི་འདྲ་བ་དུ་མ་སྣང་ཞིང་རང་ལུགས་ནི་ཇི་ལྟར་ཡིན་ཞེ་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི། 17 ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་ལས། སློབ་དཔོན་མཆེ་བའི་སྡེ་ལ་སོགས་པ་འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པ་དང༌། བདེན་མཐོང་ཡན་ཆད་ཀྱི་སེམས་བསྐྱེད་འཇུག་པར་འདོད་ལ། ཨ་བྷྱཱ་ཀ་ར་ལ་སོགས་པ་ཁ་ཅིག་ཚོགས་ལམ་པའི་སེམས་བསྐྱེད་ཆུང་འབྲིང་ཆེ་གསུམ་སྨོན་པར་འདོད་ལ། སྦྱོར་ལམ་ཡན་ཆད་བཅུ་དགུ་པོ་རིལ་པོར་འཇུག་པར་འདོད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་སེམས་ཞེས་བྱ་བ་ནི༑ ༑རྣམ་པ་བཅུ་དགུ་དག་ཏུ་བཞེད། །ཅེས་སོ། །རྒྱ་མཚོ་སྤྲིན་ལ་སོགས་པ་བྱང་ཆུབ་ཐོབ་འདོད་ཀྱི་བློས་མ་བསྐྱེད་པ་སྨོན་པ། བསྐྱེད་པ་འཇུག་པར་འདོད་པ་ལ་སོགས་པ་མང་ཡང༌། འདིར་གཞན་དོན་དུ་བྱང་ཆུབ་འདོད་པ་ནི་སྨོན་པ། སྦྱོར་བས་ཁྱབ་ནས་ཞུགས་པ་ནི་འཇུག་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ཡིན་ནོ། ཞེས་དང་ཀུན་མཁྱེན་འཇིགས་མེད་གླིང་པའི 18 ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་བདེན་གཉིས་ཤིང་རྟ་ལས།དེ་བས་ན་ཁོ་བོའི་བླ་མ་ཀུན་མཁྱེན་ཆེན་པོས་ཀྱང་སྨོན་པ་ནི་བྱང་ཆུབ་དོན་དུ་གཉེར་བའི་ཆ་དེ་ཡིན་ལ།འཇུག་པ་སྦྱོར་བས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་པོ་ཚང་དགོས་པའི་ཕྱིར་རོ། ཞེས་དང་། འཇམ་མགོན་བླ་མའི། 19 ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་ལས། མོས་པ་ནི་ཐེག་པ་ཆེན་པོའི་ཟབ་དང་རྒྱ་ཆེའི་ཆོས་ལ་མོས་པའོ། ཞེས་དང་། ས་ཡི་གནས་སྐབས་གང་ལ་གནས་པ་དེའི་གོང་ནས་གོང་དུ་གྱུར་པའི་ས་ལ་འདུན་པ་ཡི་སྒོ་ནས་འཇུག་པ་ནི་སེམས་བསྐྱེད་དེའི་ཐེག་པའམ་འགྲོ་བ་སྟེ། འདུན་པ་དེའི་སྒོ་ནས་གོང་ནས་གོང་དུ་འཕར་བའི་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་རང་ལུགས་ལ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞེས་པ་ལྟར། གཞན་དོན་དུ་རྫོགས་བྱང་འདོད་པའི་བློ་རྫས་གཅིག་ལ་སྨོན་པ་ཙམ་གྱི་ལྡོག་ཆ་དང་། སྨོན་པ་དེ་སྦྱོར་བ་ལ་འཇུག་པའི་ལྡོག་ཆ་གཉིས་ཀྱི་སྒོ་ནས་སྨོན་འཇུག་གི་ཁྱད་པར་འབྱེད་དགོས་པ་གོང་གི་རང་གཞུང་དག་ལས་གསལ་ལོ། དེས་ན་སེམས་བསྐྱེད་དེས་བྱང་ཆུབ་ལ་སྨོན་པ་དང་སྨོན་པ་དེའི་དབང་གིས་དེ་རྒྱུད་ལྡན་གྱི་གང་ཟག་སྦྱོར་བར་ཞུགས་པ་གཉིས་ཀྱི་ཆ་ལ་ལྟོས་པའི་སེམས་བསྐྱེད་སྨོན་འཇུག་གཉིས་སུ་བསྟན་པ་ཡིན་ཞིང་། སྨོན་པ་ཁོ་ན་ཡིན་པ་སེམས་བསྐྱེད་སྐད་ཅིག་དང་པོ་ཐོབ་ལ་དེའི་རྒྱུན་མ་ཐོབ་པའི་སྐབས་ཀྱི་སེམས་བསྐྱེད་ལྟ་བུ་སྟེ་དེ་སྨོན་པ་ཁོ་ན་ཡིན་ཏེ་དེ་ལ་སྦྱོར་བས་ཁྱབ་ནས་ཞུགས་པའི་ཆ་མེད་པས་སོ། །དེས་ན་སྨོན་འཇུག་གཉིས་ཀ་ས་ལམ་དེ་དང་དེ་ན་གཉིས་ཀ་ཡོད་མོད་སྐད་ཅིག་རེ་རེ་ལ་ཡོད་པས་ཁྱབ་པ་མེད་པར་སེམས་སོ། །དེས་ན་སྨོན་པ་ཁོ་ན་ཡིན་པ་སེམས་བསྐྱེད་ཀྱི་སྐད་ཅིག་མ་གཅིག་ཙམ་པོ་བ་ལ་སྦྱར་ན་སྡོང་པོ་བཀོད་པའི་མདོ་ལས།རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ། །ཞེས་དེ་གཉིས་ཀྱི་ཁྱད་པར་བསྟན་པ་ནི་སྨོན་པ་ཁོ་ན་དང་འཇུག་སེམས་གཉིས་ཀྱི་ཁྱད་པར་ལ་དགོངས་པར་འཆད་ན་འཐད་པ་ལས་སྤྱིར་སྨོན་འཇུག་གི་ཁྱད་པར་ལ་འཆད་དགོས་ན་རང་ལུགས་སུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅན་དུ་བཞེད་པས་ན་ངོ་བོ་གཅིག་པའི་དེ་གཉིས་ལ་དེ་འདྲའི་ཁྱད་པར་འཇོག་དགོས་ན་དཀའ་བས་སོ། ། ། །


སླར་སྨྲས་པ།

འདི་ལྟར་བྱས་པའི་དགེ་བ་གང་ཐོབ་པའི། །

བསོད་ནམས་དེས་ནི་སྲིད་གསུམ་ཟད་འགྱུར་ཞིང་། །

མཐའ་ཡས་སེམས་ཅན་སྡུག་དང་བྲལ་གྱུར་ཏེ། །

བདེ་ལྡན་སྒྲིབ་མེད་མྱང་འདས་ཐོབ་པར་ཤོག །


ཅེས་སྤྱི་ལོ་༢༠༢༣ལོའི་ཕར་ཕྱིན་འཛིན་གྲྭའི་སློབ་གཉེར་པ་འཇམ་དཔལ་དགྱེས་པའི་མིང་འཛིན་པས་བོད་ཟླ ༡༢ ཚེས ༨ ལ་གུས་པས་ཕུལ་བའོ། །


1རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།   ཨ་འཛོམས་པར་མ་གླེགས་བམ།༼ཁ༽

2སྡེ་བསྟན། སྡེ་ཚན།   ཚད་མ།   པོད་གྲངས།༼ཇེ༽   བམ་པོ་དྲུག་ཅུ་རྩ་གསུམ་པ། སློབ་དཔོན་ཤཱཀྱའི་བློ།   

3སྡེ་བཀའ།   སྡེ་ཚན།མདོ་སྡེ།   པོད་རྟགས།ཕལ་ཆེན།༼ག༽ (37)

4སྡེ་བཀའ།   པོད་རྟགས།དཀོན་བརྩེགས།༼ཁ༽ (40)   

5 སྡེ་བཀའ།   ཤེེར་ཕྱིན།   པོད་རྟགས། ཉི་ཁྲི།༼ཀ༽     

6 སྡེ་བཀའ།   སྡེ་ཚན།   ཤེར་ཕྱིན།   པོད་རྟགས།འབུམ།༼ཀ༽

7   སྡེ་བཀའ།   ཤེར་ཕྱིན།པོད་རྟགས།འབུམ།༼ཀ༽

8 སྡེ་བཀའ།   ཤེར་ཕྱིན།   པོད་རྟགས།༼ཇ༽ (༨༦)   

9 སྡེ་བཀའ།   ཤེར་ཕྱིན།༼ཁ༽ (༨༡)

10 གསུང་འབུམ།༼ཨ༽

11སྔ་འགྱུར་བཀའ་མའི་གླེགས་བམ།༼བེ༽

12 རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།   ཨ་འཛོམས་པར་མ། གླེགས་བམ།   ༼ཇ༽   

13ཀློང་ཆེན་གསུང་འབུམ།༼ཀ༽

14 ཀློང་ཆེན་པའི་གསུང་འབུམ།༼ཏ༽

15པོད་རྟགས་སོགས་གོང་ལྟར།

16གསུང་འབུམ༼ཨ༽

17ཀློང་ཆེན་པའི་གསུང་འབུམ།༼ག༽   

18 རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།   ཨ་འཛོམ་པར་མ་གླེགས་བམ། ཁ༽

19 གསུང་འབུམ།༼ཨ༽