འཇམ་དབྱངས་བླ་མ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བའི་རྗེས་དྲན་གསུམ།241
发表时间:2024-12-13 09:42 ༄༅། །རྗེ་བཙུན་བླ་མ་དམ་པ་༧འཇམ་དབྱངས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ངོ་མཚར་སྤྲིན་གྱི་རོལ་མོ། རྨ་རྫ་ཟལ་མོའི་སྒང་གི་ངོ་མཚར་ལྷ་ཡི་བུ་ཆུང་། །རྒྱལ་དབང་པདྨ་ཀཱ་རའི་ཞལ་སྐྱེན་འཁྲུལ་མེད་ཡིན་འདུག ། སྨད་ཁམས་ས་ཡི་ཐིག་ལེ་རྨ་ཁོག་ནོར་བུ་གླིང་དུ། །ཁུ་འཕངས་འདབ་མའི་གར་གྱིས་ས་གཞིར་ཡུག་གཅིག་བསྒྱུར་ཅིང་། ། རྦོབ་ཁོག་གཏེར་ལུང་འཛིན་མར་དབྱར་སྐྱེས་རྔ་སྒྲ་སྒྲོག་དུས། །མི་ཕམ་འཇམ་དབྱངས་རྣམ་རྒྱལ་སླར་ཡང་མགོན་དུ་བྱོན་འདུག ། རི་སྡེ་ཕྱི་ནང་བརྒལ་བའི་གྲགས་པ་རིང་དུ་ཁྱབ་སྟེ། །པད་མའི་ཕོ་ཉ་ཞིག་གི་རྟགས་མཚན་ཡང་ཡང་མངོན་འདུག ། གཟུངས་སྤོབས་བློ་གྲོས་རྩལ་གྱིས་ཤེས་བྱའི་མཐའ་རྒྱ་བཅད་ནས། །མཁྱེན་རྟོགས་ཉི་མ་འབར་བའི་གཟི་བྱིན་ལྷག་པར་རྒྱས་འདུག ། མི་ལ་བཞད་པ་རྡོ་རྗེ་སླར་ཡང་ཡིད་ལ་འཁོར་ཞིང་། །དད་འདུན་གསེར་གྱི་སྐ་རགས་ནམ་ཡང་ལྷོད་རྒྱུ་མི་འདུག ། ཐོས་བསམ་ཤེད་མོང་རྒྱས་པའི་མཁས་མང་ཆོས་ཀྱི་གྲོང་དུ། །ལུང་རྟོགས་ཉི་ཟླའི་རྣ་ཆ་གང་སྐུའི་རྒྱན་དུ་བཞེས་འདུག ། རྟོགས་འབུལ་ཞུན་ཐར་གཅོད་དུས་བསྟོད་པའི་དབུགས་དབྱུང་བྱུང་ཞིང་། །བསྟན་འགྲོ་ཐུགས་ལ་དགོངས་ཞེས་རེ་བའི་བཀའ་ཆེམས་བསྩལ་འདུག ། གཞུས་པའི་དབྱུག་པ་ཆག་ཅིང་རྡེག་པའི་རྨ་ཤུལ་མེད་པར། །འཛུམ་གྱིས་རྒོལ་ལན་སློག་པའི་གྲུབ་ཐོབ་ངོ་མ་ཡིན་འདུག ། ཁྱེད་སྐུ་ཉི་མ་འབུམ་གྱི་འོད་དང་གསང་གསུམ་ཡོན་ཏན་གདུགས་དཀར་པོ། །མ་འདྲེས་མཇལ་ལ་འདི་ཙམ་བགྱིས་པའི་མཐུན་འགྱུར་གྲོགས་ཀྱིས་ཤིས་པ་བསྙིལ། ། མཆོག་སྤྲུལ་ཉི་མ་གཞོན་ནུའི་བཞིན་རས་སྐལ་བཟང་ཤར་རིའི་རྩེ་མོ་ནས། །མི་རིང་རྫོགས་ལྡན་གསར་བའི་སྐྱ་རེངས་ཀུན་དགའ་སྐྱེད་པའི་དཔལ་འབར་ཤོག ། ཅེས་པ་འདི་བཀའ་དྲིན་ཅན་རྗེ་བཙུན་བླ་མ་དམ་པ་གང་གི་རྣམ་ཐར་ལས་ཅུང་ཙམ་ཁོམ་ཕུབ་སྟེ་རྗེས་སུ་དྲན་པའི་གསལ་འདེབས་ཀྱི་ཚུལ་དུ་ གང་གི་འཁོར་གྱི་གྲལ་མཐར་འཛིན་པ་བསྟན་འཛིན་ལྷུན་འགྲུབ་ཀྱིས་ཡར་ཚེས་བཅུ་གསུམ་གྱི་ཉིན་ལ་བྲིས་པ་དགེ་བར་གྱུར་ཅིག རྗེས་དྲན་ཀུ་མ་དའི་མཆོད་ཕྲེང་། མཚན་དཔེའི་འདབ་སྟོང་གེ་སར་གཡོ་བ་ཟླ་ཚེས་གསར་བའི་སྐུ། །དབྱངས་ལྡན་ངག་གི་ཆ་ཤས་ཡོངས་རྫོགས་འགག་མེད་རྡོ་རྗེའི་གསུང་། ། མཁྱེན་རབ་ཆུ་གཏེར་པདྨོ་འཛུམ་པ་མི་ཟད་མཁའ་ཁྱབ་ཐུགས། །དད་གསུམ་སོར་མོའི་སྙིམ་པ་སྦྱར་ཏེ་སྙིང་དབུས་འདབ་བརྒྱར་བསྟེན། ། ཤྲཱི་ཛྙ་ན་དྷྭ་ཛའི་མཚན་ལ་སོགས། །ལྷ་ཡི་བཀའ་ལུང་དར་དཀར་སྔོན་ནས་འཐེན། ། ཆོ་འཕྲུལ་ཟླ་བར་དབྱར་སྐྱེས་རྔ་དང་ལྷན། །ངོ་མཚར་འཕྲུལ་གྱིས་སྐུ་བཞིའི་ས་བོན་བལྟམས། ། མཐོང་ན་མི་མཐུན་མེད་པའི་ལང་ཚོ་ཅན། །ལུས་ཅན་མིག་གི་བདུད་རྩིའི་ཆབ་དེ་དྲན། ། ལྷར་བཅས་དད་པའི་ཀུ་མད་བཞད་པའི་ཚུལ། །འདྲེན་བྱེད་གཡོ་བའི་གསོས་སུ་སྨིན་པ་དྲན། ། ངུར་སྨྲིག་མཚམས་སྤྲིན་གསར་བའི་རྒྱ་མཚོ་ལས། །ཐོས་བསམ་སྒོམ་པའི་འབྲས་བུ་ཚད་དུ་འཁྱོལ། ། སྡོམ་གསུམ་མེ་ལོང་པདྨའི་སྦུབས་ལྟར་གཙང་། །རྣམ་ཐར་ཆུ་ཤེལ་དཀར་པོའི་འཁྲི་ཤིང་དྲན། ། རབ་འབྱམས་གསང་བའི་མན་ངག་དྲོད་ཚད་བརྙེས། །གང་འདུལ་སྒྱུ་འཕྲུལ་དྲ་བའི་འཇོ་སྒེག་ཅན། ། མི་འཇིགས་སྟོབས་བཅུའི་རྩལ་དང་རབ་འགྲོགས་ཏེ། །མི་ཉམས་དུས་མཐར་སྤེལ་བའི་མགོན་དེ་དྲན། ། ཚངས་པའི་དབྱངས་ཀྱིས་དམ་ཆོས་ཐར་བའི་སྐས། །བག་དྲོ་གཟི་བྱིན་ཐིབས་སེ་གནང་བ་དྲན། ། མི་བསྲུན་འབྱུང་བོའི་རྔམ་ནག་ཤེ་མོང་གིས། །ཕྱེ་མར་འཐག་པའི་འཇིགས་སྣང་བསྐུལ་ཙ་ན། ། ཐོས་འཛིན་རིན་ཆེན་ཁང་བཟང་མ་གཡར་བའི། །ཐང་ལྷོད་ཞུམ་མེད་སེམས་དཔའི་སྙིང་སྟོབས་དྲན། ། རིས་མེད་ཐུབ་བསྟན་ལུང་རྟོགས་རིན་ཆེན་གདུགས། །གླིང་བཞིར་བསྒྲེངས་མཁས་པཎ་ཆེན་བཅུ་བ་དང་། ། ཞབས་ཟུང་འཁོར་ལོ་གཅིག་ཏུ་རབ་བསྒྱུར་ནས། །ལེགས་བཤད་བདུད་རྩིའི་ཟེགས་མ་འཐོར་བ་དྲན། ། ཐེག་ཆེན་འོད་གསལ་གསང་བ་སྙིང་ཐིག་གི །མན་ངག་ཟབ་མོའི་སྦྲང་ཆར་ཕབས་པ་དྲན། ། ཉི་ཟླའི་བགྲོད་པ་འགོག་སྙམ་ས་འཛིན་གྱི། །དྲེགས་པ་འཕྲོག་བྱེད་འཛམ་གླིང་ཞི་བདེའི་རྟེན། ། སྐྱེ་འགྲོའི་རྒུད་པ་གསོ་བའི་རྩ་ལག་ཏུ། །བཞེངས་བའི་ཐུགས་བཞེད་མཁའ་ལྟར་ཡངས་དེ་དྲན། ། ཞབས་སེན་ལི་ཁྲིའི་མཚམས་སྤྲིན་འཕྱུར་བའི་རྡུལ། །གང་དང་ནམ་ཡང་འབྲལ་མེད་རྒྱུ་རུ་བསྔོ། ། ཞེས་པ་འདི་བཀའ་དྲིན་མཚུངས་བ་མེད་པའི་སྐྱབས་ཀྱི་དམ་པ་གང་གི་བཀའ་འབངས་སྙོམ་ལས་པ་བྱང་ཆུབ་རྒྱལ་མཚན་དུ་འབོད་པས་ སྐུ་ཡི་སྣང་བརྙན་གྱི་ཆ་ཤས་རེ་ཡིད་ལ་ཤར་བ་དང་སྦྲགས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་ཆར་བྲིས་པ་དགེའོ། ། ࿑ སྐྱབས་རྗེ་བླ་མ་༧ ཐུབ་བསྟན་ལེགས་བཤད་འབྱུང་གནས་སམ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་མཆོག་རྗེས་སུ་དྲན་པའི་གཏམ་བདེན་དོན་བདུད་རྩིའི་ཟེགས་མ།
ཡེ་སངས་རྒྱས་ཀྱང་མི་ཡི་གར་བསྒྱུར་ལྷ་དང་བཅས་པའི་བསོད་ནམས་སུ། །ངོ་མཚར་དབྱར་རྔའི་སྒྲ་དབྱངས་དང་འགྲོགས་མཚན་དཔེའི་པདྨོ་རྣམ་པར་བཞད། ། སྐྱེ་དགུའི་ཡིད་ཀྱི་རྙོག་མའི་ཆུ་ཀློང་བགྲུང་བྱེད་སྣ་ཚོགས་ཐབས་མཁས་པ། །དྷརྨ་ཤྲཱིའི་གར་ལ་དབང་འབྱོར་འཇམ་དབྱངས་བླ་མའི་ཞབས་རྡུལ་མཆོད། ། གང་ཞིག་ལེགས་བྱས་འོ་མའི་མཚོ་ཆེན་དུས་ཀྱི་མཐར་ཡང་ཆེར་སྤྲོ་བའི། །མཚན་དཔེའི་འཁྲིལ་བག་སྟོན་གྱི་ཟླ་བའི་འཛུམ་ཞལ་པད་དཀར་སྙིང་ནས་དྲན། ། སྐར་ཚོགས་ལྟར་བཀྲའི་ངུར་སྨྲིག་རྒྱན་འཆང་སློབ་བརྒྱུད་འདུས་སྡེ་དེའི་སླད་དུ། །སྐུ་ཚེའི་མཛད་འཕྲིན་ཁུར་ཆེན་འདེགས་མཁས་ལྷ་དེ་དྲན་པས་སྙིང་ནས་འབོད། ། ཉེ་རིང་ཁྱད་མེད་སྙིང་རྗེས་འགྲོ་ལ་མོས་པ་དང་འཚམ་ཁྱོད་ཞལ་ལས། །དྲི་མེད་གསུང་གི་བདུད་རྩིའི་ཐིགས་པ་རེ་རེའི་ཡོན་ཏན་མྱངས་པའི་ཆ། ། གསེར་དང་དངུལ་གྱི་སྡེར་ལ་བཅེར་བའི་ཞལ་ཟས་རོ་བརྒྱས་མཚོན་མིན་པ། །བཟོད་པར་མ་གྱུར་དུས་གསུམ་ཀུན་ཏུ་རྨི་ལམ་ལ་འང་འཆར་ལ་བྲེལ། ། བསྩལ་བའི་བཀའ་དྲིན་བདེ་ལྡན་ཞིང་གི་སྟོན་པ་ལས་ཀྱང་འགོངས་གྱུར་པའི། །དཔྱང་ཐག་ཆོད་དེ་སྐྱེན་པོར་མགོན་ཁྱོད་ལུང་དུ་སྟོན་པ་སྙིང་ནས་སེམས། ། སྡེབ་སྦྱོར་བཅོས་མའི་རིག་བྱེད་མ་ཡིན་བདེན་དོན་མཛུབ་རྩེར་བླངས་ཙམ་འདིས། །མཚུངས་མེད་བླ་མའི་བྱིན་རླབས་བདུད་རྩིར་བདག་ཅག་བདེ་དགར་སྤྱོད་གྱུར་ཅིག ། ཅེས་པ་འདི་སྐྱབས་རྗེ་བླ་མ་བཀའ་དྲིན་ཅན་གྱི་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་བགྲང་བྱ་༡༡ལོན་པའི་རྗེས་དྲན་དུ་རས་གཟན་གྱིས་བྲིས།
|