༄༅། །འཕགས་པ་ལི་ཙ་བི་དྲི་མེད་གྲགས་པའི་སྐོར་གྱི་བརྗེད་བྱང་།208
发表时间:2025-07-18 20:56 ༄༅། །འཕགས་པ་ལི་ཙ་བི་དྲི་མེད་གྲགས་པའི་སྐོར་གྱི་བརྗེད་བྱང་། [ནང་དོན་གནད་བསྡུས།] བྱང་འཕགས་ལི་ཙ་བི་དྲི་མེད་གྲགས་པ་ནི་སངས་རྒྱས་དང་དུས་མཉམ་དུ་བྱོན་མྱོང་བའི་ལོ་རྒྱུས་ཁྲོད་ཀྱི་དངོས་བྱུང་མི་སྣ་ཞིག་ཡིན་པ « དྲི་མེད་གྲགས་པས་ཞུས་པའི་མདོ་ » དང་། « འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་ » གཉིས་དང « ནུབ་ཡུལ་ཟིན་བྲིས་ » བཅས་ཀྱིས་གྲུབ་ཅིང་། དྲི་མེད་གྲགས་པས་ཞུས་པའི་མདོ་དེ་རྒྱ་ནག་ཏུ་དུས་རབས་གཉིས་པ་ནས་བསྒྱུར་ཡོད་ཅིང་། བོད་དུ་ཕལ་ཆེར་དུས་རབས་བརྒྱད་པ་ནས་དགུ་བའི་སྐབས་སུ་བསྒྱུར་བ་ཡིན་ཡོད། རྒྱ་ནག་ཏུ་དུས་རབས་ལྔ་བ་ཙམ་ལ་ལི་ཙ་བི་དྲི་མེད་གྲགས་པའི་རྣམ་པ་འབྲི་བའི་སྲོལ་བྱུང་ཡོད་ཅིང་། ཏུན་ཧོང་ངམ་ཤ་ཅུ་བོད་ཀྱི་དབང་འོག་ཏུ་ཚུད་སྐབས་བྲིས་པའི་བཙན་པོ་དག་གི་སྣང་བརྙན་ཕལ་ཆེ་བ་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཡོད། [གནད་ཚིག] ལི་ཙ་བི་དྲི་མེད་གྲགས་པ། ལྡེབས་རིས། གླེང་གཞི། གུས་པ་ནི་ནང་བསྟན་དང་འབྲེལ་བའི་གནའ་བོའི་ལྡེབས་རིས་ཀྱི་སྐོར་ལ་ཅུང་མོས་མཁན་ཞིག་ཡིན་ལ་ཉིས་སྟོང་ཉེར་གཉིས་ལོར « ཏུན་ཧོང་ལས་ཐོན་པའི་བོད་འབྲེལ་ལྡེབས་རིས་ » ཞེས་པའི་དེབ་ཆུང་ཞིག་ཕྱོགས་བསྒྲིགས་བྱེད་སྐབས་ཏུན་ཧོང་ལས་བྱུང་བའི་བཙན་པོའི་ལྡེབས་རིས་དག་ལི་ཙ་བི་དྲི་མེད་གྲགས་པ་ཞུ་བའི་མི་སྣ་ཞིག་དང་འབྲེལ་བ་ཙམ་ལས་དེའི་སྐོར་མང་པོ་ཞིག་མ་ཤེས་རྐྱེན་དེའི་སྐོར་ལ་ཉམས་རེ་བཞག་ཁུལ་བགྱིས་པ་ཡིན། ཐེངས་ཤིག་ལ་བདུད་འདུལ་རྡོ་རྗེ་ཞུ་བ་ཞིག་གིས་ཏུན་ཧོང་ཡིག་རྙིང་ལས་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་དཔྱད་པ། ཞེས་པ་ཞིག་བྲིས་འདུག་པ་དེ་མཐོང་ནས་བརྗེད་བྱང་འདི་འབྲི་བའི་མགོ་བརྩམས་པ་ཡིན། བརྗེད་བྱང་འདི་འབྲི་བའི་དམིགས་ཡུལ་ནི་བཙན་པོའི་སྣང་བརྙན་འཁྲུལ་མེད་དག་ངོས་ཟིན་པའི་ཆེད་དང་། གསང་སྔགས་ཀྱི་ཁུངས་བཅོལ་སའི་ལི་ཙ་བི་དྲི་མེད་གྲགས་པ་ནི་དངོས་བྱུང་ལོ་རྒྱུས་ཁྲོད་ཀྱི་ཉམས་རྟོགས་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཡིན་པ་ཤེས་ཆེད་དང་། དྲི་མེད་གྲགས་པས་ཞུས་པའི་མདོ་འདི་ལ་གཟིགས་རྟོག་དང་ཉམས་ལེན་བྱེད་རྒྱུའི་མོས་པ་སྐྱེ་ཕྱིར་དུ་ཡིན། བརྗེད་བྱང་འདི་འབྲི་སྐབས་རྒྱལ་ཕྱི་ནང་གི་དཔྱད་རྩོམ་གང་མང་ལ་བལྟ་བའི་ཆུ་ཚད་ཀྱིས་མ་འདང་བ་དང་། འདིའི་སྐོར་གྱི་རྒྱུ་ཆ་མང་པོ་འཚོལ་བསྡུ་བྱེད་མ་ནུས་པར་རང་བློས་དཔོག་ཚད་ཀྱིས་བྲིས་པ་ཡིན་པས་དཔྱོད་མ་ནུས་པའི་ཆ་མང་བ་ལ་དག་བཅོས་དང་སྙིགས་དོར་བཅུད་ལེན་གནང་བར་ཞུ་བ་ལགས། དེ་ནས་གང་གླེང་བར་བྱ་བ་ནི་འདུལ་བའི་སྡེ་སྣོད་འགའ་རེར་ཡངས་པ་ཅན་གྱི་“ལི་ཙ་བི་”རྣམས་ཞེས་བྱུང་བ་དང་། ཐེག་ཆེན་གྱི་མདོ་འགའ་དང་། སྡེ་དགེའི་བཀའ་འགྱུར་གྱི་ནང་ཚན་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་རང་དུ་“ ལིད་ཙ་བི་”ཞེས་བྲིས་ཡོད་པ་དང་། དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་རྙིང་། ཨང་རྟགས lOL.Tib.VOL.12 3.པའི་ངོས་སུ་ “ལི་ཙ་བྱི་”དང་“ལིད་ཙ་བྱི་”ཞེས་བཀོད་འདུག་ཅིང་། དབྱིན་ཉར་ཡིག་ཆ། lOL.Tib.J.VOL.19 4. ངོས་སུ་ལྀད་ཙ་བྱྀ་ཞེས་འཁོད་འདུག་པའི་ཡུལ་ཡངས་པ་ཅན་གྱི་མི་རྒྱུད་དེར་འཁྲུངས་པའི་ལི་ཙ་བི་དྲི་མེད་གྲགས་པ་ཞེས་ཡོངས་སུ་གྲགས་པའི་འཕགས་པ་དེའི་སྐོར་ཡིན་ལ། དེ་ལ་དང་པོ། ཁོང་མདོ་ཙམ་ངོ་སྤྲོད་པའི་སྐོར་དང་། དྲི་མེད་གྲགས་པས་ཞུས་པའི་མདོའི་སྐོར། རྒྱ་ནག་ཏུ་མདོ་དེ་དང་འབྲེལ་ཡོད་ཀྱི་ལྡེབས་རིས་དང་འབག་སྐུ་བྱུང་བའི་སྐོར་དང་། ཏུན་ཧོང་བྲག་ཕུག་བཅུ་བདུན་པ་སོགས་ནས་བཙན་པོ་དག་ལི་ཙ་བི་དྲི་མེད་གྲགས་པར་སྙུན་འདྲིར་བྱོན་པའི་ཚུལ་དང་། ལི་ཙ་བི་དྲི་མེད་གྲགས་པ་གདན་འདྲེན་པའི་ཚུལ་གྱི་རྟོག་བཟོའི་ལྡེབས་རིས་བྱུང་བའི་སྐོར་དང་། རང་རེའི་སྔ་འགྱུར་རྙིང་མ་པའི་མཁས་ཆེན་འགས་ཁོང་རིགས་ཅན་དྲ་མ་ལྔའི་ནང་ཚན་དུ་བགྲངས་ནས་གསང་སྔགས་ཀྱི་ཁུངས་ཁོང་ལ་བཅོལ་བའི་སྐོར་ལྔ་ལས། དང་པོ། ཁོང་མདོ་ཙམ་ངོ་སྤྲོད་པའི་སྐོར། ལི་ཙ་བི་ཞེས་པ་ནི་རིགས་རྒྱུད་ཅིག་གི་མིང་ཡིན་པ་མདོ་ལས་ལི་ཙ་བི་གཞོན་ནུ་ལྔ་བརྒྱ་ཞེས་དང་ལི་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཞེས་འབྱུང་བས་ཤེས་ཞིང་། རིགས་རྒྱུད་དེ་ཇི་ལྟར་བྱུང་ཚུལ་ལ « གཏམ་རྒྱུད་གསེར་ཐང་ » དུ་“བི་དེ་གྷའམ་ལུས་འཕགས་པ་རྣམས་ཤར་ངོས་སུ་མཆེད་དེ་མི་ཐི་ལིའི་ཡུལ་རྣམས་བཟུང་བ་ལས་ཕྱིས་ལི་ཙ་བིའི་རིགས་ཞེས་བྱ་བ་བྱུང་ངོ་། ། ”[༡] ཞེས་གསུངས་ཡོད། ལི་ཙ་བི་ཞེས་པའི་རིགས་རྒྱུད་དེ་ཤས་ཆེར་ཡངས་པ་ཅན་ན་གནས་པ་ཡང་མདོ་རང་ལས་གཞོན་ནུ་དཀོན་མཆོག་འབྱུང་གནས་གནས་དང་ལི་ཙ་བི་གཞོན་ནུ་ལྔ་བརྒྱ་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ་ཞེས་འབྱུང་བས་ཤེས་ནུས། དེས་ན་རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པས (༡༧༢༩-༡༧༩༨) མཛད་པའི « ཡིད་བཞིན་མཛོད་ཀྱི་རྒྱ་ཆེར་འགྲེལ་བདེན་གཉིས་ཤིང་རྟ་ » རུ་“གང་གི་སྤོབས་པ་སངས་རྒྱས་ཀྱིས་མ་གཏོགས་གཞན་གང་གིས་ཀྱང་ཟིལ་གྱིས་མི་ནོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལི་ཙ་བི་དྲི་མེད་གྲགས་པ།” [༢] ཞེས་དང་།“ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་ལ་དབང་ཐོབ་པས་དེ་བཞིན་གཤེགས་པ་མ་གཏོགས་གཞན་སུས་ཀྱང་སྤོབས་པའི་རྒྱུན་གཅོད་མི་ནུས་པ་དགེ་བསྙེན་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་དྲི་མེད་གྲགས་པ་”[༣] ཞེས་བསྔགས་བརྗོད་མཛད་ཡོད་པའི་དགེ་བསྙེན་བྱང་ཆུབ་སེམས་དཔའ་ལི་ཙ་བི་དྲི་མེད་གྲགས་པ་ཞུ་བ་ཁོང་གི་ཡུལ་ཡངས་པ་ཅན་ཡིན་ཏེ་གོང་དུ་ཞུས་པ་བཞིན་ལི་ཙ་བི་ཞེས་པའི་མི་རྒྱུད་དེ་ཡངས་པ་ཅན་དུ་གནས་པ་དང་། མདོའི་ནང་དུ།“ཡང་དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཞིག་འདུག་སྟེ།”[༤] ཞེས་གསུངས་ཡོད་པས་ཤེས་ནུས། སྤྱིར་མདོ་ལས་བྱང་ཆུབ་སེམས་དཔའ་ལ་ཁྱིམ་དང་ཆུང་མ་བུ་དང་བུ་མོ་མེད་པ་དང་ཡོད་པའི་ངང་ཚུལ་སྟོན་པ་གཉིས་ཡོད་པར་གསུངས་པ་ལས་ཁོང་ཕྱི་མའི་རིགས་སུ་གཏོགས་ཡོད་ཅིང་། བྱང་སེམས་ཁྱིམ་པ་དང་བྱང་སེམས་རབ་བྱུང་གཉིས་ལས་གོང་མའི་རིགས་སུ་གཏོགས་ཡོད་དེ། ཁོང་གི་རྟེན་རབ་བྱུང་མིན་ལ་གོས་དཀར་པོ་གྱོན་ཞིང་ཁྱིམ་ན་གནས་པ་བུ་དང་ཆུང་མ་འཁོར་དང་གཡོག་པོ་མངའ་བ་ཞིག་ཡིན་པ་མདོའི་ནང་དུ་“གོས་དཀར་པོ་གྱོན་ལ་དགེ་སྦྱོང་གི་སྤྱོད་པས་ཕུན་སུམ་ཚོགས་པ། ཁྱིམ་གྱི་གནས་ན་གནས་ལ་”ཞེས་དང་། དེར་མ་ཟད་ཁོང་གི་སྤྱོད་པ་ནི་སྣང་ཚོད་ལ་རྒྱན་འགྱེད་པ་དང་རྩེད་མོ་བྱེད་པ། རྒྱན་གྱིས་བརྒྱན་པ། སྨད་འཚོང་དང་ཆང་འཚོང་གི་ཁྱིམ་ཀུན་ཏུ་འཇུག་པ། ལམ་གྱི་བཞི་མདོ་དག་ན་སྣང་བར་ཡང་མདོ་རང་ལས་གསལ་བར་གསུངས་ཡོད་ལ །མདོའི་ནང་དུ།“ འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་བསྟན་བཅོས་ཀྱི་རྣམ་པ་ཤེས་ཀྱང་རྟག་ཏུ་ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ།” [༥] ཞེས་བྱུང་བས་ཁོང་མཁས་པ་ཆེན་པོ་ཞིག་ཡིན་པའང་ཤེས་ནུས། གཞན་ཡང་ཁོང་དང་ཤིན་ཏུ་འབྲེལ་བའི་མདོ་གཞན་ཞིག་ནི « འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། » ཞེས་པ་འདི་ལགས་ཤིང་། མདོ་འདི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ་འགྱུར་བྱང་དུ་གསལ་བ་དང་། « དཀར་ཆག་ལྡན་དཀར་མ་ » དང « འཕང་ཐང་མ་ » གཉིས་སུ་འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ། བམ་པོ་གཉིས། ཞེས་འབྱུང་བས་འགྱུར་སྔ་བའི་གྲས་སུ་གཏོགས་པའི་མདོ་ཞིག་ཀྱང་ཡིན་ཡོད། ད་ལྟ་སྡེ་དགེ་བཀའ་འགྱུར་མདོ་སྡེ་ཙ་པའི་ཤོག་ངོས ༢༢༤ རྒྱབ་ངོས་ཀྱི་ཐིག་ཕྲེང་ལྔ་བའི་དཀྱིལ་ནས ༢༤༣ རྒྱབ་ངོས་ཀྱི་ཐིག་ཕྲེང་ལྔ་བའི་བར་བཞུགས་ཡོད། མདོ་འདི་ནི་ལི་ཙ་བི་དྲི་མེད་གྲགས་པ་དང་འབྲེལ་བ་ཤིན་ཏུ་ཆེ་རྐྱེན་གང་ཞེ་ན། མདོ་འདི་གཞིར་བཞག་ན་ལི་ཙ་བི་དྲི་མེད་གྲགས་པ་ནི་བུ་མོ་ཟླ་མཆོག་གི་ཡབ་ཡིན་པ་དང་། བུ་མོ་ཟླ་མཆོག་གི་མའི་མིང་ལ་དྲི་མེད་མ་ཞེས་འབོད་ཅིང་། དྲི་མེད་མ་ནི་ལི་ཙ་བི་དྲི་མེད་གྲགས་པའི་ཆུང་མ་ཡིན་པ་མདོ་རང་ལས་གསལ་བ་འདི་ལྟར་“དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། མཛོད་དང་བང་བ་མང་བ་ཞིག་གནས་ཏེ། དེ་ལ་ཆུང་མ་དྲི་མེད་མ་ཞེས་བྱ་བ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ། རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལས་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ་ཞིག་བཙས་སོ། །”[༦] ཞེས་བཀོད་འདུག་པས་མདོ་འདི་ནི་ཧ་ཅང་གི་གལ་ཆེན་ཆགས་ཡོད། མ་ཟད་མདོ་འདིའི་ནང་དུ་ཡང་ཁོང་གི་བཞུགས་གནས་ཡངས་པའི་གྲོང་ཁྱེར་ཆེན་པོ་ཡིན་པར་བཤད་པ་དང་། ཁོང་གི་བུ་མོའི་མིང་དང་ཆུང་མའི་མིང་ཡང་མདོ་འདིར་བཀོད་ཡོད་པས་དྲི་མེད་གྲགས་པས་ཞུས་པའི་མདོ་ལས་ཁོང་གི་རྟེན་ཁྱིམ་པ་ཡིན་པ་དང་། ཆུང་མ་དང་བུ་བུ་མོ་མངའ་མཁན་ཞིག་ཡིན་པར་གསུངས་པ་དེའི་སྒྲུབ་བྱེད་ཁུངས་ཐུབ་གཞན་ཞིག་དུ་ཆགས་ཡོད། དེར་མ་ཟད་སློབ་དཔོན་ཆེན་མོ་ཐང་ཤོན་ཙང {༦༠༢ - ༦༦༤} གིས་མཛད་པའི་ལམ་ཡིག་ལས་ཡུལ་ཡངས་པ་ཅན་གྱི་སྐབས་སུ་“གཙུག་ལག་ཁང་གི་བྱང་ཤར་ནས་ལེ་དབར་གསུམ་བཞི་ཙམ་ན་མཆོད་རྟེན་ཞིག་ཡོད་པ་དེ་ནི་དྲི་མ་མེད་པར་གྲགས་པའི་ཁྱིམ་གྱི་ཤུལ་རྙིང་པ་དེ་ཡིན།”[༧] ཞེས་དང་། གཞན་ཡང་།“དེའི་མི་རིང་བའི་གནས་སུ་ཁང་པ་ཞིག་ཡོད་པ་དེ་སོ་ཕག་གིས་བརྩེགས་པ་ལྟ་བུར་ཡོད་མོད། དོན་ལ་རྡོ་ཡིས་བཟོས་པ་རེད་ཟེར་བ་དེ་ནི། དྲི་མ་མེད་པར་གྲགས་པ་བསྙུན་པ་ལ་སྟོན་པས་ཆོས་གསུངས་པའི་གནས་རེད།”[༨] ཅེས་དང་“དེ་ལས་མི་རིང་བའི་གནས་ན་མཆོད་རྟེན་ཞིག་ཡོད་པ་དེ་ནི། དེའི་སྲས་དཀོན་བརྩེགས་ཀྱི་ཁྱིམ་རྙིང་བའི་ཤུལ་རེད།”[༩] ཅེས་བཀོད་ཡོད་པ་འདིས་ལི་ཙ་བི་དྲི་མེད་གྲགས་པ་ཞུ་བ་ཁོང་ལྷ་སྒྲུང་ནང་གི་མི་སྣ་དང་རིག་བྱེད་གཏམ་རྒྱུད་ནང་གི་མི་སྣ་ཞིག་མ་ཡིན་པར་སངས་རྒྱས་དང་དུས་མཉམ་པར་བྱོན་མྱོང་བ་ཞིག་ཡིན་པ་གྲུབ་ཡོད་ཅིང་། སྐབས་འདིར་དཔྱད་པར་བྱ་བ་ཞིག་ལ་བོད་འགྱུར་མདོ་རང་དུ་ལི་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཞེས་འབྱུང་བ་དེ་དང་《ནུབ་ཡུལ་ཟིན་བྲིས་》སུ་དེའི་སྲས་དཀོན་བརྩེགས་ཞེས་འབྱུང་བ་འདི་གཉིས་འགྱུར་མ་འདྲ་བ་ཙམ་ལས་དོན་ལ་མི་གཅིག་གི་མིང་དུ་སྣང་ཞིང་། བོད་འགྱུར་མདོ་རང་དུ་གཞོན་ནུ་དེ་དྲི་མེད་གྲགས་པའི་སྲས་ཡིན་པའི་གསལ་ཁ་མི་སྣང་བས་དཔྱད་དགོས་ཡོད་དོ། ། གཉིས་པ། དྲི་མེད་གྲགས་པས་ཞུས་པས་མདོའི་སྐོར། « དྲི་མ་མེད་པར་གྲགས་པས་བསྟན་པ་ » ཞེས་ཡོངས་སུ་གྲགས་པའི་ཐེག་པ་ཆེན་པོའི་མདོ་འདི་ད་ལྟའི་སྡེ་དགེ་བཀའ་འགྱུར་གྱི་མདོ་སྡེ (མ) དུམ་པའི་ཤོག་ངོས་བརྒྱ་དང་དོན་ལྔ་ནས་ཉིས་བརྒྱ་སོ་དགུའི་བར་བཞུགས་ཡོད་པ་མ་ཟད་མདོ་འདིའི་རྒྱ་དཔེ་ཡང་ཕོ་བྲང་པོ་ཏ་ལར་ཉར་ཡོད་པར་བཤད། མདོ་འདི་བོད་དུ་སྒྱུར་མཁན་གྱི་ལོ་ཙྭ་བ་ནི་བན་དེ་ཆོས་ཉིད་ཚུལ་ཁྲིམས་སམ་སྒྲ་སྦྱོར་བམ་གཉིས་སུ་བོད་ཀྱི་མཁན་པོ་རཏྣ་རཀྵིཏ་དང་། ངྷརྨྨ་ཏཱ་ཤཱི་ལ་དང་ཞེས་བྱུང་བའི་ཕྱི་མ་དེ་ཡིན་པར་བཤད་དོ། །མདོ་འདི་གསུངས་པའི་ཡུལ་ནི་ཡུལ་ཡངས་པ་ཅན་ཡིན་ཏེ་མདོ་རང་དུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན་ཞེས་གསུངས་ཕྱིར་དང་། ཡངས་པ་ཅན་གྱི་གནས་གང་ཞིག་ཏུ་གསུངས་པ་རེད་ཅེ་ན། མདོ་རང་དུ་ཨ་མྲ་སྲུང་བའི་ཚལ་ན། ཞེས་འཁོད་རྐྱེན་བྱ་བྲལ་བ་པད་དཀར་བཟང་པོས་ཨ་མྲ་སྲུང་བའི་ཚལ་ཡིན་པར་བཀོད་ཡོད་ལ།དེ་ལས་ཀྱང་ཞིབ་པར་མདོ་འདི་ཞལ་འདོན་མཛད་མཁན་གྱི་ཐང་རྒྱལ་རབས་སྐབས་ཀྱི་སློབ་དཔོན་ཆེན་མོ་ཐང་ཤོན་ཙང {༦༠༢- ༦༦༤} གིས་མཛད་པའི་ལམ་ཡིག་ལས་ཡུལ་ཡངས་པ་ཅན་གྱི་སྐབས་སུ་ “ཕོ་བྲང་མཁར་གྲོང་གི་ནུབ་བྱང་ལེ་དབར་ལྔ་དྲུག་ཙམ་ན་གཙུག་ལག་ཁང་ཞིག་མཆིས། རབ་ཏུ་བྱུང་བ་ཤིན་ཏུ་ཉུང་། ཐམས་ཅད་མང་བཀུར་སྡེ་བའོ། །དེའི་འགྲམ་དུ་མཆོད་རྟེན་ཞིག་ཡོད་པ་དེ་ནི་སྔོན་དེ་བཞིན་གཤེགས་པས་དྲི་མ་མེད་པར་གྲགས་པའི་མདོ་གསུངས་པ་ན། དྲི་མེད་གྲགས་ཀྱི་སྲས་དཀོན་བརྩེགས་སོགས་ཀྱིས་རིན་པོ་ཆེའི་གདུགས་ཕུལ་བའི་གནས་ཡིན། ”[༡༠] ཞེས་གསུངས་པ་ལྟར་མདོ་གསུངས་ཡུལ་ཡུལ་དངོས་ལ་སོང་བའི་རྒྱའི་སློབ་དཔོན་གྱི་ལམ་ཡིག་ལྟར་ངོས་འཛིན་འོས། མདོ་འདི་བཀའ་འཁོར་ལོ་ཐ་མར་གཏོགས་པར་ཕག་གྲུའི་དུས་སྐབས་ཀྱི་བྱ་བྲལ་བ་པད་དཀར་བཟང་པོས་གསུངས་ཡང་རྒྱུ་མཚན་འཁོད་མེད་ལ་ཅུང་ཙམ་དཔྱད་ན་མདོ་འདིའི་ནང་དུ་སྟོང་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ་ནམ་སྤྲོས་མཐའ་བརྒྱད་བྲལ་གྱི་གནས་ལུགས་སྟོན་གྱིན་ཡོད་པ། དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་རྙིང་། ཨང་རྟགས lOL.Tib.VOL.12 3. ལས་བྱུང་བའི་དྲི་མེད་གྲགས་པས་བསྟན་པའི་མདོའི་ཚན་པ་ཞིག་དྲངས་ན།“དེ་ནས་འཇམ་དཔལ་གཞོན་ནོར་གྱུར་པས། །ལི་ཙ་བྱི་དྲི་མ་མྱེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་གིས་ནི། །རང་རང་གི་བསྟན་པ་བཤད་ཟིན་ན། །རིགས་ཀྱི་བུ་ཁྱེད་ཀྱང་། གཉིས་སུ་མྱེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོས་པར་གྱིས་ཤིག། ། དེ་ནས་ལི་ཙ་བྱི་དྲི་མ་མྱེད་པར་གྲགས་པ་ཅང་མྱི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནོར་གྱུར་པས། །ལིད་ཙ་བྱི་དྲི་མ་མྱེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ། ལེགསོ། ལེགསོ་། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མྱེད་པར་འཇུག་པ་ཡིན་ཏེ། །དེ་ལ་ཡི་གེ་དང། སྒྲ་དང། རྣམ་པར་རིག་པའི་རྒྱུ་བ་མྱེད་དོ། །བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གཉིས་སུ་མྱེད་པའི་ཆོས་ཀྱི་སྒོར་ཞུགས་པས། །མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །” གསུམ་པ། རྒྱ་ནག་ཏུ་མདོ་དེ་དང་འབྲེལ་ཡོད་ཀྱི་ལྡེབས་རིས་དང་འབག་སྐུ་བྱུང་བའི་སྐོར། རྒྱ་ནག་ཏུ་མདོ་འདིའི་འགྱུར་ཐོག་མ་ཕྱི་ལོ ༡༨༨ ལོར་བྱུང་བ་ནས་འགྱུར་བདུན་བྱུང་ཞིང་ད་ལྟ་མཐོང་དུ་ཡོད་པ་ནི་དགེ་བསྙེན་ཀྲི་ཆན་གྱི་འགྱུར་དང་ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར། ཐང་སིན་བླ་མའི་འགྱུར་གསུམ་ཡིན་པར་བཤད་ཅིང་། « རྒྱ་ནག་ཆོས་འབྱུང་ » དུ་སྡེ་སྣོད་གསུམ་པ་ཐང་ཞོན་ཙཱང ( ༦༠༢-༦༦༤ ) གིས་དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པས་བསྟན་པ་དང་། དམ་ཆོས་པད་དཀར་གཉིས་ལ་རྒྱུན་གྱི་ཞལ་འདོན་གནང་བར་བཤད་ཅིང་། རྒྱའི་ལྷོ་བརྒྱུད་ནང་བསྟན་གྱི་སྲོལ་འབྱེད་མཁན་སློབ་དཔོན་ཆེན་མོ་ཧུའི་ནིང (༦༣༨ - ༧༡༣) གིས་མདོ་འདི་ལས་ལུང་མང་པོ་དྲངས་གནང་མཛད་ཡོད་པ་དང་། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཧྭ་ཤང་གི་སློབ་མས་ཡི་གེར་ཕབ་པའི « ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པའི་ » ནང་དུ་ཧ་ཤང་གིས་“ད་ལྟ་སློབ་མ་དགེ་ཚུལ་རྣམས་ཀྱིས་བསམ་གཏན་སྒོམ་མ་ཐུབ་པས། ལང་གཤེགས་ཀྱི་མདོ་དང་དྲི་མེད་གྲགས་པས་བསྟན་པའི་མདོ་བློར་ངེས་ནས་ཉིན་རེ་བཞིན་ཁ་ཏོན་བྱེད་བཞིན་ཡོད།”[༡༢] ཅེས་བཀོད་འདུག་པ་སོགས་ཀྱིས་མདོ་འདི་རྒྱ་ནག་ཏུ་ཤས་ཆེར་དར་བ་མཚོན་ཞིང་། རྒྱ་ནག་དུ་བྱུང་བའི་མདོ་འདི་དང་འབྲེལ་ཡོད་ཀྱི་སྡེབས་རིས་ཐོག་མ་ནི་རྒྱའི་མིང་དུ་གྲགས་པའི་རི་མོ་བ 顾恺之 ( 348-409) ཞུ་བས 瓦官寺 བཱ་བཀན་དགོན་པར་ཞལ་འདེབས་དངུལ་སྒོར་ཁྲི་བརྒྱ་དབུལ་བར་ཁས་བླངས་པ་དེ་འགྲུབ་ཕྱིར་དུ་བྲིས་པའི་ལི་ཙ་བི་དྲི་མེད་གྲགས་པའི་ལྡེབས་རིས་དེ་ཡིན་པར་གྲགས་ཤིང་། གཏམ་རྒྱུད་ཀྱི་བྱུང་རིམ་ལ་གཞིགས་ན་ལྡེབས་རིས་དེ་ཕལ་ཆེར་བཱ་བཀན་དགོན་ཐོག་མར་བཞེངས་སྐབས་སུ་བྲིས་པ་ཡིན་ཡོད་ཅིང་། དགོན་པ་དེ་སྤྱི་ལོ ༣༦༤ ལོར་བཞེངས་པ་ཡིན་ཡོད། སྐབས་དེར 顾恺之 ལོ་བཅུ་དྲུག་ཙམ་ལས་མིན་པས་དཔྱད་ཞིབ་པ་འགས 顾恺之 ཡིས་ལི་ཙ་བི་དྲི་མེད་མེད་གྲགས་པའི་ལྡེབས་རིས་ཤིག་བྲིས་མིན་ལ་དོགས་པ་ཡོད་སྐོར་ཀྱང་བཤད་ཡོད། གང་ལྟར་ཀྱང་། རྒྱའི་ལོ་རྒྱུས་ཡིག་ཆ « 建康实录,京师寺记 » སོགས་སུ་འདིའི་སྐོར་བཀོད་ཡོད་པས་ཡིག་ཆའི་ངོས་ནས་བདེན་དཔང་བྱེད་ཐུབ་ཀྱང་། རི་མོ་དེ་ད་ལྟ་མི་བཞུགས་པས་རིག་དངོས་ཀྱིས་བདེན་དཔང་བྱེད་མི་ནུས་པར་ཆགས་ཡོད།
རྒྱའི་དབང་དུ་བྱས་ན་ད་ལྟའང་མཇལ་དུ་ཡོད་པའི་ལི་ཙ་བི་དྲི་མེད་གྲགས་པའི་ལྡེབས་རིས་ཆེས་སྔ་ཤོས་ནི་ཀན་སུའུ 炳灵寺 བྲག་ཕུག་ཨང་རྟགས ༡༦༩ ནང་བཞུགས་པའི་ལྡེབས་རིས་འདི་ཡིན་ཞིང་། ལྡེབས་རིས་རང་གི་ངོས་སུ 维摩诘之像 ཞེས་པའི་ཁ་བྱང་བྲིས་ཡོད་རྐྱེན་ལྡེབས་རིས་འདི་ནི་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་བའི་ལྡེབས་རིས་ཤིག་ཡིན་པ་ལ་ཐེ་ཚོམ་མི་དགོས་ཤིང་། ལྡེབས་རིས་འདི་སྤྱི་ལོ ༤༢༠ ལོར་བྲིས་པ་ཡིན་པར་བཤད། དེས་ན་དུས་རབས་ལྔ་བ་ཙམ་ནས་བཟུང་རྒྱའི་ནང་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་ལི་ཙ་བི་དྲི་མེད་གྲགས་པ་རྣམ་གཉིས་ཀྱི་ཕན་ཚུན་ལ་དྲི་བ་དང་དྲིས་ལན་འདེབས་པའི་རྣམ་པ་ལྡེབས་རིས་དང་རི་མོར་འབྲི་སྲོལ་ཅུང་ཤུགས་ཆེར་དར་ཡོད། ཁྱད་པར་དུ་ཏུན་ཧོང་གི་བྲག་ཕུག་དྲུག་ཅུ་རེ་བརྒྱད་ལྷག་གི་ནང་དུ་དྲི་མེད་གྲགས་པའི་མདོ་དང་འབྲེལ་བའི་ལྡེབས་རིས་བཞུགས་པས་ཏུན་ཧོང་དུ་དྲི་མེད་གྲགས་པའི་མདོ་དང་འབྲེལ་ཡོད་ཀྱི་ལྡེབས་རིས་འབྲི་སྲོལ་ཤུགས་ཆེར་དར་ཡོད་མོད་བརྗེད་བྱང་འདིར་ས་བཅད་མ་སྟོང་བ་ཙམ་དུ་ཏུན་ཧོང་གི་ཕུག་པའི་ནང་དུ་བཞུགས་ཅིང་བཙན་པོ་དག་གི་སྣང་བརྙན་བྲིས་མེད་པའི་ལྡེབས་རིས་འགའ་རེ་ངོ་སྤྲོད་ཞུས་ན།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༣༡༤ ནང་དུ་སྤྱི་ལོ {༥༨༡-༦༡༨} སྐབས་ཀྱི་ལྡེབས་རིས་འདི་མཇལ་དུ་ཡོད།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༤༢༠ ནང་དུ་སྤྱི་ལོ {༥༨༡-༦༡༨} སྐབས་ཀྱི་ལྡེབས་རིས་འདི་མཇལ་དུ་ཡོད།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༣༣༥ ནང་དུ་ཐང་ཐོག་མའི {༦༡༨-༧༡༢} སྐབས་ཀྱི་ལྡེབས་རིས་འདི་མཇལ་དུ་ཡོད།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨངརྟགས ༡༠༣ པའི་ངོས་ཀྱི་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་བའི་ལྡེབས་རིས། ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་༡༠༣ནང་དུ་དོ་སྣང་ཤས་ཆེར་བྱེད་ཀྱིན་པའི་ལྡེབས་རིས་འདི་བརྐོས་ཡོད་ལ་འདི་ལས་མངོན་པའི་རྣམ་པ་ནི་ལི་ཙ་བི་དྲི་མེད་གྲགས་པ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་ཡིན་ཞིང་། རྒྱའི་རི་མོ་བ་གྲགས་ཅན་ 张大千(༡༨༩༩-༡༩༨༣) ཀྲང་ཏཱ་ཆན་གྱིས་ལྡེབས་རིས་འདི་ལས་མངོན་པའི་ལི་ཙ་བི་དྲི་མེད་གྲགས་པའི་སྣང་བརྙན་ནི་ཏུན་ཧོང་ཕུག་པར་བཞེངས་པའི་ལི་ཙ་བི་དྲི་མེད་གྲགས་པའི་སྣང་བརྙན་བཞེངས་པ་དག་ལས་ཆེས་ཁྱད་འཕགས་དེ་རེད་ཅེས་བསྟོད་བསྔགས་ཀྱང་མཛད་མྱོང་བར་བཤད་ཅིང་། ལྡེབས་རིས་འདིའི་ངོས་སུ་རྒྱའི་གོང་མའི་སྣང་བརྙན་བརྐོས་ཡོད་པས་རྟོག་བཟོ་ཅུང་ཙམ་འདྲེས་པའི་ལྡེབས་རིས་ཤིག་ཡིན་པ་ཤེས་ནུས་སོ། །
འབག་སྐུའི་སྐོར་ལས་ཅུང་སྔ་བའི་ལི་ཙ་བི་དྲི་མེད་གྲགས་པའི་འབག་སྐུ་ནི་སྤྱི་ལོ ༤༦༠ ལོར་བཞེངས་མགོ་ཚུགས་པའི་ཡུན་ཀཱང་བྲག་ཕུག་ 云岗石窟 ཨང་རྟགས་དྲུག་པའི་ནང་དུ་བཞུགས་པའི་འབག་སྐུ་འདི་ཡིན་ཡོད་ཅིང་། ཕུག་པ་འདི་ནི་པེ་བེའེ་ཞིའོ་བུན་ཏིས་སམ་མིང་གཞན་ལ་ཐོ་པཱ་དཔོང 孝文帝拓跋宏 (467-499) ཞུ་བ་དེས་རང་གི་ཨ་ཕྱི་ཧྥུང 冯太后(441-490)གི་ཆེད་དུ་བཞེངས་པའི་བྲག་ཕུག་ཅིག་ཡིན་ཞིང་། བྲག་ཕུག་ནང་དུ་གཙོ་བོ་སངས་རྒྱས་ཀྱི་མཛད་རྣམ་ཆ་ཚང་རྡོ་ངོས་སུ་བརྐོས་པ་ཞིག་ཡིན་ཡོད། བྲག་ཕུག་དེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་འཇམ་དཔལ་དབྱངས་དང་ལི་ཙ་བི་དྲི་མེད་གྲགས་པ་བཅས་ཀྱི་སྐུ་འདི་དག་ཚོན་མདངས་ཀྱིས་སྤུད་ནས་བཞུགས་ཡོད་ཅིང་། མདོ་གཞིར་བཞག་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལིད་ཙ་བི་དྲི་མེད་གྲགས་པར་སྙུན་འདྲི་ཞུས་ཤིང་དྲི་བར་དྲི་ལན་བཀོད་ཚར་དེ་སངས་རྒྱས་བཞུགས་སའི་ཨ་མྲའི་ཚལ་དུ་བྱོན་ནས་བཞུགས་སྐབས་ཀྱི་རྣམ་པ་བརྐོས་པ་ཞིག་ཡིན་ཡོད། དེ་ལྟར་རྒྱའི་ཏུན་ཧོང་ངམ་ཤ་ཅུ་སོགས་སུ་མ་ཟད། གླིང་སྒྲུང་དུ། བུ་སྤུན་ལྔ་དགྲ་ལ་ཆས་འདྲ་ཏེ། །རྒྱ་ནག་རི་བོ་རྩེ་ལྔ་རེད། ། ཅེས་པའི་རི་བོ་རྩེ་ལྔ་སོགས་སུ་རྗེ་བཙུན་འཇམ་པའི་དབྱངས་དང་ལིད་ཙ་བི་དྲི་མེད་གྲགས་པ་གཉིས་ཀྱིས་ཕན་ཚུན་དྲི་བ་དང་དྲི་ལན་འདེབས་པའི་རྣམ་པ་བརྐོས་པའི་ལྡེབས་རིས་མང་པོ་བཞུགས་ཡོད་ལ་རྒྱ་ནག་ཏུ་མདོ་འདི་དང་འབྲེལ་ཡོད་ཀྱི་སྐྱ་རིས་གྲགས་ཅན་ཡང་མང་པོ་བྱུང་མྱོང་ཡོད་དོ། ། བཞི་བ། ཏུན་ཧོང་བྲག་ཕུག་བཅུ་བདུན་པ་སོགས་ནས་བཙན་པོ་དག་ལི་ཙ་བི་དྲི་མེད་གྲགས་པར་སྙུན་འདྲིར་བྱོན་པའི་ཚུལ་དང་གདན་འདྲེན་པའི་ཚུལ་གྱི་རྟོག་བཟོའི་ལྡེབས་རིས་བྱུང་བའི་སྐོར། བོད་ལ་མཚོན་ན་དྲི་མེད་གྲགས་པས་ཞུས་པའི་མདོ་འདི་ལ་འཆད་ཉན་བྱེད་པའི་སྲོལ་ཆེན་པོ་མེད་པར་མ་ཟད་མདོ་འདིའི་ལུང་དག་ཇི་བཞིན་ཁུངས་སུ་དྲངས་པའི་བསྟན་བཅོས་མང་པོ་མེད་པས་མདོ་འདི་ཅུང་རྒྱུས་མེད་པའི་ཚོད་དུ་སྣང་ནའང་མདོ་འདི་དུས་རབས་བརྒྱད་པ་ནས་དུས་རབས་དགུ་བའི་སྐབས་སུ་བསྒྱུར་བ་དཀར་ཆག་རྣམ་གཉིས་མཐུན་པར་“འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ། བམ་པོ་དྲུག”ཅེས་བཀོད་པ་ལས་ཀྱང་ཤེས་ནུས་ཤིང་། བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་རྒྱ་དྲུག་འཇང་གསུམ་དབར་འདུམ་འགྲིག་གནང་བའི་གཙིགས་ཀྱི་སྨོན་ལམ་ཏུ་“འཕགས་པ་འཇམ་དཔལ་ལྟ་བུའྀ་ཤེས་རབ་དང་། ཀུན་ཏུ་བཟང་པོ་ལྟ་བུའྀ་སྨོན་ལམ་དང་། ཀུན་ཏུ་སྤྱན་རས་གཟྀགས་ཀྱྀ་ཐུགས་རྗེ་དང་། ཕྱག་ན་རྡོ་རྗེ་ལྟ་བུའི་མཐུ་སྟོབས་དང་། དྲྀ་མ་མྱེད་པར་གྲགས་པ་ལྟ་བུའི་ཐབས་ལ་མཁས་པས་སེམས་ཅན་གྱྀ་དོན་ལ་འཇུག་པར་འགྱུར་ཏེ།”[༡༣] ཞེས་བྱུང་བས་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐབས་སུ་བཙན་པོའི་གཞུང་ཕྱོགས་ཀྱིས་ལི་ཙ་བི་དྲི་མེད་གྲགས་པ་ལ་དད་བཀུར་བླ་ལྷག་བྱས་པ་ཤེས་ཤིང་། བསམ་ཡས་གཙུག་ལག་ཁང་དུ་རྒྱུ་རྡོ་ལས་གྲུབ་པའི་ལི་ཙ་བི་དྲི་མེད་གྲགས་པའི་སྐུ་ཞིག་ཡོད་པ་སྦ་བཞེད་དུ་བཀོད་ཡོད་པ་མ་གཏོགས་བོད་ཀྱི་གཙུག་ལག་ཁང་དག་ཏུ་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་ཡོད་ཀྱི་ལྡེབས་རིས་མཇལ་དཀོན་པོར་ཆགས་འདུག དེས་ན་ཏུན་ཧོང་བྲག་ཕུག་ཏུ་མདོ་འདི་དང་འབྲེལ་ཡོད་ཀྱི་བཙན་པོའི་ལྡེབས་རིས་བཞུགས་པ་དག་ཀྱང་། ཏུན་ཧོང་བོད་ཀྱིས་དབང་བསྒྱུར་མ་བྱས་གོང་། རྒྱའི་ལྡེབས་རིས་འབྲི་མཁན་དག་གིས་རྟོག་བཟོས་རྣམ་པའི་ཏུན་ཧོང་ཕུག་པའི་ཨང་རྟགས ༢༢༠ -༣༣༥ -༡༩༤ -༢༣༧ -༡༥༨ -༣༦༠ -༡༣༨ -༡༢ -༦ -༩༨ བཅས་སུ་རྒྱའི་གོང་མ་དག་གི་སྣང་བརྙན་ལྡེབས་རིས་སུ་བྲིས་པར་བརྟེན་ཏུན་ཧོང་བོད་ཀྱིས་དབང་བསྒྱུར་བྱས་རྗེས་སྔར་སྲོལ་ལྟར་བཙན་པོ་དང་བློན་ཆེན་དམག་དཔོན་སོགས་མདོ་འདི་དང་འབྲེལ་བའི་ལྡེབས་རིས་དང་རི་མོ་དག་བྲིས་པ་ཡིན་ཡོད་པས་གོང་གི་ས་བཅད་གསུམ་པ་དེ་ལོགས་ཤིག་ཏུ་བྲི་དོན་ཡང་དེའི་རྐྱེན་ཡིན། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཕྱི་ལོ ༧༦༦ ལོ་ནས་བཙན་པོའི་རྒྱལ་རབས་འཇིག་རྗེས་ཀྱི་ཕྱི་ལོ ༨༤༨ བར་བོད་ཀྱིས་ཏུན་ཧོང་དབང་སྒྱུར་བྱས་ཏེ་བཙན་པོའི་རྒྱལ་རབས་སྐབས་སུ་བྲག་ཕུག ༥༥ ཙམ་བཞེངས་པའི་སྟེང་བཞེངས་འཕྲོར་ལུས་པ་བཅས་བརྩིས་ཚེ་བྲག་ཕུག ༩༢ བཞེངས་པར་བཤད་ཅིང་། མྱང་འདས་བྲག་ཕུག་དང་། ལི་ཙ་བི་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་ཡོད་ཀྱི་བྲག་ཕུག་ལས་གཞན་ཤཱ་རིའི་བུས་རྫུ་འཕྲུལ་འགྲན་པའི་རི་མོའི་ངོས་སུ་བཙན་པོ་དང་བློན་ཆེན་པོ་དག་གི་སྣང་བརྙན་འཁྲུལ་མེད་བརྐོས་ཡོད་པ་ད་ལྟ་དྲྭ་ལམ་ནས་མཐོང་རྒྱུ་ཡོད་ཅིང་། སྐབས་སུ་བབས་པ་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་ཡོད་ཀྱི་བཙན་པོའི་ལྡེབས་རིས་ཁག་ངོ་སྤྲོད་ཕྱོགས་ཙམ་བྱས་ན།
ལྡེབས་རིས་འདི་ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༢༣༧ ནང་དུ་བརྐོས་ཡོད་ཅིང་། རྒྱའི་ལྡེབས་རིས་འགྲེལ་མཁན་དག་གིས་ལི་ཙ་བི་དྲི་མེད་གྲགས་པར་སྙུན་འདྲིར་བྱོན་པའི་ཚུལ་ཡིན་པ་དང་། ཆོས་ཉན་དུ་འགྲོ་བ་རེད་ཅེས་འགྲེལ་མཁན་བྱུང་མོད། མདོ་དང་བསྟུན་ན་སྙུན་འདྲིར་བྱོན་པའི་རྣམ་པ་ཡིན་ཏེ་མདོའི་ནང་དུ་“དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས་དེ་ལ་ནད་འདྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་དང་། དབང་པོ་དང་། གཞོན་ནུའི་འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། གྲོང་པ་དང་། ཡུལ་གྱི་མི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ།”[༡༤] ཞེས་བྱུང་བ་དེ་ལྡེབས་རིས་སུ་འབྲི་སྐབས་རི་མོ་མཁན་དག་གིས་རྟོག་བཟོའི་རྣམ་པས་རང་གི་རྒྱལ་པོ་དག་གི་སྣང་བརྙན་འབྲི་སྲོལ་ཞིག་ཆགས་ཤིང་། བོད་བཙན་པོས་ཏུན་ཧོང་དབང་སྒྱུར་བྱེད་སྐབས་སུ་བཙན་པོའི་སྣང་བརྙན་འཁྲུལ་མེད་དག་ལྡེབས་རིས་སུ་བརྐོས་པ་ཡིན་ཡོད། གོང་བཀོད་ལྡེབས་རིས་ངོས་ཀྱི་བཙན་པོ་ཞབས་རྐང་རྗེན་པར་བྱོན་གྱིན་པའི་རྣམ་པ་དེ་ལྡེབས་རིས་གཞན་དག་དང་མི་འདྲ་ས་དེ་ཆགས་ཡོད་ཅིང་། ལྡེབས་རིས་འདི་ཐང་བར་མའི་དུས་སྐབས་ཀྱི་ལྡེབས་རིས་ཡིན་པར་བཤད་ཅིང་། ལྡེབས་རིས་འདིའི་སྟེང་དུ་མངོན་པའི་སྣང་བརྙན་དེ་བཙན་པོ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་བ་ཅན (༨༠༦ - ༨༤༡) གྱི་སྣང་བརྙན་ཡིན་ངེས་ཏེ་བཙན་པོ་གཞན་དག་གི་སྐབས་སུ་ཕུག་པ་བཞེངས་པའི་ཡིག་ཆ་དཀོན་ཞིང་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐབས་སུ་ཕུག་པ་བཞེངས་པ་ཏུན་ཧོང་ཕུག་པ་ཨང་རྟགས ༣༦༥ པའི་ནང་དུ་བཞེངས་བྱང་བཞུགས་པ་འདི་ལྟ་སྟེ། “འཕྲུལ་གྱྀ་ལྷ་བཙན་པོ། །ཁྲྀ་གཙུག་ལྡེ་བརྩན་གྱི་སྐུ་རིང་ལ། སྐུ་ཡོན་སེམས་ཅན་ཐམས་ཆད་ཀྱི་གྱྀ་བསཾ———ཧོང་པེན་། སྒོས་གཙུག་ལག་ཁང་འདྀ། ཆུ་ཕོ་བྱི་བ་བའྀ་ལོའྀ་དཔྱིད་ན་བཙུགས་ཏེ། ཤིང་ཤོ་སྟག་གི་ལོའི་ལོ་——སོན་རྩ་ན་གྱྀ་སྟོན་སླ་འབྲིང་བ་ལ། སྐུ་གཟུགས་སྤྱན་ཕྱེད་དེ། ཞལ་བསྲོས་སོ།—— ཐ་ཧྭ་དང་སག་ཤན་—- སྨོན་ལཾ་དུ་གསོལ་——”[༡༥] ཞེས་བྱུང་ཞིང་། བཞེངས་བྱང་ལྟར་ན་སྤྱི་ལོ ༨༣༢ - ༨༣༤ ལོའི་བར་དུ་ཕུག་པ་ཨང་རྟགས ༣༦༥ པ་བཞེངས་པར་གསལ་བས་ཏུན་ཧོང་དུ་བཞུགས་པའི་བོད་ཀྱིས་བཞེངས་པའི་བྲག་ཕུག་མང་ཤོས་བཙན་པོ་ཁྲི་གཙུག་ལྡེ་བཙུན་སྐབས་སུ་བརྐོས་པར་ཆགས་ཡོད་པ་དང་ལོ་ཚིགས་ངོས་ནས་ཀྱང་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་ཧ་ཅང་མཐུན་ཡོད་དོ། །
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༡༥༩ པའི་ནང་དུ་བཙན་པོའི་ལྡེབས་རིས་འདི་བཞུགས་ཡོད་ཅིང་། ལྡེབས་རིས་འདི་ཡང་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་བའི་ལྡེབས་རིས་ཤིག་དང་། བཙན་པོ་ལི་ཙ་བི་དྲི་མེད་གྲགས་པར་སྙུན་འདྲིར་འགྲོ་བའི་རྣམ་པ་བརྐོས་པ་ཞིག་ལགས་ཤིང་། ལྡེབས་རིས་འདི་ཡང་ཐང་བར་མའི་དུས་སྐབས་ཀྱི་ལྡེབས་རིས་ཡིན་པར་བཤད་དོ། །
ལྡེབས་རིས་འདི་ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༣༦༠ ནང་དུ་བརྐོས་པའི་ཐང་བར་མའི་སྐབས་ཀྱི་ལྡེབས་རིས་ཤིག་ལགས་ཤིང་། ལྡེབས་རིས་འདི་ཆ་ཚང་ཞིག་ལག་སོན་མ་བྱུང་ཡང་གོང་གི་ལྡེབས་རིས་དག་དང་བསྡུར་ཚེ་དྲི་མེད་གྲགས་པས་ཞུས་པའི་མདོ་དེ་དང་འབྲེལ་བ་ཤེས་ནུས།
རི་མོ་འདི་ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་བཅུ་བདུན་པ་ལས་བྱུང་ཞིང་རི་མོ་འདི་ལས་བཙན་པོ་དང་བློན་ཆེན་བོད་དམག་དག་གི་སྣང་བརྙན་གསལ་བོར་མཐོང་ནུས་པས་བོད་འབྲེལ་རི་མོ་གལ་ཆེན་ཞིག་ལགས་ཤིང་། རི་མོ་འདི་ཉིད་དབྱིན་ཇི་བ Marc Aurle Stein ཞུ་བས་ཏུན་ཧོང་ནས་རིག་དངོས་མང་པོ་ཞིག་བླུས་ཏེ་དབྱིན་ཇིར་ཁྱེར་བ་དེའི་གྲལ་དུ་ཚུད་ཡོད་ཅིང་། ད་ལྟ་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད་པར་བཤད།
རི་མོ་འདི་ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་བཅུ་བདུན་པ་ལས་བྱུང་ཞིང་ཧྥ་རན་སི་ནས་ཡིན་པའི <Paul Pelliot> ཟེར་བ་ཁོང་གིས་ཕྱི་ལོ 1908 ལོར་དངུལ་སྒོར་ལྔ་བརྒྱ 王道士 ཞུ་བར་སྤྲད་ནས་ཡིག་རྙིང་ཤོག་དྲིལ 6000 ཙམ་དང་ལྡེབས་རིས་སོགས་ཉོས་ནས་ཧྥ་རན་སིར་ཁྱེར་བ་དང་། དེའི་ནང་དུ་བོད་ཡིག་སྐོར 4450 ཙམ་ཡོད་པ་རེད། ཁོང་གིས་ཁྱེར་བའི་ཤོག་དྲིལ་མང་ཆེ་བ་ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་ཅིང་རི་མོ་འདི་ཡང་ད་ལྟ་ཧྥ་རན་སའི་དངོས་མང་བཤམས་སྟོན་ཁང་དེ་རུ་ཉར་ཚགས་བྱས་ཡོད་འདུག རི་མོ་འདིའི་སྟེང་དུ་བཙན་པོ་དང་བོད་མི་ཟུང་གི་སྣང་བསྙན་གསལ་བོར་བྲིས་འདུག་ཅིང་རྣམ་པ་གོང་གི་ལྡེབས་རིས་དག་དང་འདྲ་ཞིང་། མི་འདྲ་ས་ཞིག་ཡོད་པ་ནི་རི་མོ་འདིར་ལི་ཙ་བི་དྲི་མེད་གྲགས་པ་དང་བོད་ཀྱི་བཙན་པོ་བློན་ཆེན་དང་རྒྱལ་ཁབ་གཞན་གྱི་རྒྱལ་པོའི་སོགས་ཀྱི་རྣམ་པ་ལས་རྗེ་བཙུན་འཇམ་པའི་དབྱངས་དང་ལྷ་དང་ལྷ་མོ་སོགས་ཀྱི་སྣང་བརྙན་བྲིས་མེད་པའི་རི་མོ་དམིགས་བསལ་བ་ཞིག་རེད།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་དགུ་པའི་ནང་གི་དྲི་མེད་གྲགས་པས་ཞུས་པའི་མདོ་དང་འབྲེལ་བའི་ལྡེབས་རིས།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་དགུ་པའི་ལྡེབས་རིས་ངོས་ཀྱི་ལི་ཙ་བི་དྲི་མེད་གྲགས་པའི་སྣང་བརྙན། ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་དགུ་པའི་ལྡེབས་རིས་ངོས་ཀྱི་བཙན་པོའི་སྣང་བརྙན། ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས་དགུ་པའི་ནང་དུ་ལི་བི་ཙ་དྲི་མེད་གྲགས་པ་དང་བོད་ཀྱི་བཙན་པོ་སོགས་ཀྱི་རྣམ་པ་བརྐོས་པའི་ལྡེབས་རིས་འདི་བཞུགས་ཤིང་རྣམ་པ་གོང་དང་འདྲ་བར་སྙུན་འདྲིས་འགྲོ་བའི་རྣམ་པ་བརྐོས་པ་ཡིན་མོད། ལྡེབས་རིས་གཞན་པ་དང་མི་འདྲ་ས་ཞིག་ཡོད་པ་ནི་ལྡེབས་རིས་གཞན་དག་གི་ངོས་སུ་བཙན་པོའི་དབུར་གདུགས་ཕུབ་ཡོད་ཅིང་འདིའི་ངོས་ཀྱི་བཙན་པོའི་དབུར་གདུགས་ཕུབ་མེད། མ་ཟད་ལྡེབས་རིས་འདི་ཐང་སྨད་མའི་དུས་སྐབས་སུ་བྲིས་པར་བཤད་པས་འདིའི་ངོས་ཀྱི་བཙན་པོའི་སྣང་བརྙན་དེ་བཙན་པོ་འུ་དུམ་བཙན་གྱི་སྲས་ཀྱི་སྣང་བརྙན་ཡིན་ནམ་སྙམ་མོད་དཔྱད་པར་འཚལ།
ཏུན་ཧོང་མོ་ཀོའོ་བྲག་ཕུག་ཨང་རྟགས ༨༥ པའི་ནང་དུ་ལི་ཙ་བི་དྲི་མེད་གྲགས་པ་དང་བོད་ཀྱི་བཙན་པོ་དང་བློན་ཆེན་སོགས་ཀྱི་རྣམ་པ་བརྐོས་པའི་ལྡེབས་རིས་འདི་བཞུགས་ཤིང་། རྣམ་པ་གོང་དག་དང་འདྲ་ལ་མི་འདྲ་ས་ཞིག་ཡོད་པ་ནི་བཙན་པོའི་དབུར་གདུགས་ཕུབ་མེད། དེའི་རྒྱུ་རྐྱེན་ནི་བཙན་པོའི་རྒྱལ་རབས་འཇིག་རྐྱེན་ལ་ཐུག་ཡོད་པ་འདྲ་སྟེ་གོང་བཀོད་ལྡེབས་རིས་དེ་ཐང་སྨད་མའི་དུས་སུ་བརྐོས་པ་ཡིན་པར་བཤད་ལ་དེའི་ངོས་ཀྱི་བཙན་པོའི་དབུར་ཡང་གདུགས་ཕུབ་མེད། ལྡེབས་རིས་འདིའི་ངོས་ཀྱི་བཙན་པོའི་སྣང་བརྙན་ལ་ཅུང་རྒས་ཉམས་འདུག་པ་དང་ཕུག་པའི་ངོས་ཀྱི་ལྡེབས་རིས་དག་ཐང་སྨད་མའི་དུས་སུ་བཞེངས་པར་བཤད་པས་བཙན་པོ་འུ་དུམ་བཙན་གྱི་སྣང་བརྙན་ཡིན་སྙམ་ཡང་དཔྱད། ལྔ་བ། རང་རེའི་སྔ་འགྱུར་རྙིང་མ་པའི་མཁས་ཆེན་འགས་ཁོང་རིགས་ཅན་དྲ་མ་ལྔའི་ནང་ཚན་དུ་བགྲངས་ནས་གསང་སྔགས་ཀྱི་ཁུངས་ཁོང་ལ་བཅོལ་བའི་སྐོར། འགྲེལ་པ་ཉི་སེང་མ་དང་། ཨ་ཏིའི་ཟབ་དོན་སྙིང་པོ་སོགས་ལས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ལོན་པ་ན་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་ལྔ་པོ་རང་རང་གི་མངོན་པར་ཤེས་པས་ལངྐའི་ཡུལ་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱིས་འདུས་ཏེ། གདུང་ཚིག་བཏོན་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། དེར་རིགས་ཅན་ལྔ་ལ་བཤད་ཅིང་བརྒྱུད་པར་གསུངས་པའི་རྗེས་སུ་འབྲངས་ཏེ་གསང་སྔགས་ཀྱི་རྒྱུད་རྣམས་སྟོན་པ་འདས་ནས་ལོ་ཉེར་བརྒྱད་ན་བྱུང་བར་ལོ་ཆེན་དྷརྨ་ཤྲི་དང་མཁན་ཆེན་པདྨ་བཛྲ་སོགས་ཀྱིས་གསུངས་ཤིང་། གནས་བརྟན་སྡེ་བའི་ལུགས་ལྟར་ན་སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་ཕྱི་ལོ་སྔོན་གྱི་ལོའི 514 སྟེ་འདས་ལོའི་བརྒྱ་ཕྲག་དང་པོའི་སྐབས་སུ་གསང་སྔགས་ཀྱི་རྒྱུད་རྣམས་བྱུང་བར་གསལ་ཞིང་། དཔལ་གསང་བའི་བདག་པོ་མངོན་སུམ་དུ་བྱོན་ནས་རྒྱལ་པོའི་ཛ༔་ལ་དོན་གྱི་ཆ་རྣམས་བསྟན་ཞིང་། ཚིག་གི་བསྟན་པ་ལི་ཙ་བི་དྲི་མེད་གྲགས་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་གསན་པར་འབྱུང་བ་དང་། རིག་འཛིན་བརྡའི་བརྒྱུད་པ་འཆད་སྐབས་སུ་ཡང་། དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ། །ཞེས་བགྲང་ཚུལ་བྱུང་བའི་སྐོར་དང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ནཱ་ལེནྡྲའི་གཙུག་ལག་ཁང་ན་རྒྱལ་པོ་ཛའི་སྟེང་དུ་པུསྟིའི་ཆར་བབས་པའི་བཀོད་པ་རི་མོར་བྲིས་པ་མཐོང་བ་སོགས་ནི་ངེས་པར་དཔྱད་ཞིབ་མཛད་དགོས་པའི་ཆ་སྟེ་ལི་ཙ་བི་དྲི་མེད་གྲགས་པ་ནི་ནང་བསྟན་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་བའི་མི་སྣ་ཁྱད་འཕགས་ཤིག་ཡིན་པ་དང་། ལྡེབས་རིས་ཁག་ཏུ་ལི་ཙ་བི་དྲི་མེད་གྲགས་པའི་སྣང་བརྙན་དེ་ཅུང་བགྲེས་ཉམས་ཅན་དུ་བྲིས་འདུག་ནའང་མདོ་རང་དུ་སྙུང་བའི་ཚུལ་བཟུང་བ་མ་གཏོགས་རྒས་འཁོག་ཅིག་ཡིན་པར་མི་གསལ་བས་ཁོང་མ་མཐར་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་སྐབས་སུ་བཞུགས་ཆོག་ཆོག་ལགས་པས་གསང་སྔགས་དང་རྒྱུད་སྡེའི་ཁུངས་ཁོང་ལ་གཏུགས་པ་ནི་རྒྱལ་པོ་ཞིག་ལ་མཆོད་གནས་དགེ་སློང་ཞིག་གིས་མདོ་དང་རྒྱུད་སྡེའི་གང་ཡིན་གསལ་ཐག་མི་ཆོད་པའི་གླེགས་བམ་ཞིག་གནང་བར་བཤད་པ་ལས་ཁུངས་ཐུབ་དང་དཔྱད་གཞིའི་གནས་གལ་ཆེན་ཞིག་རེད་སྙམ་མོ། ། ། ། ཞེས་པ་ནི་ཀོས་ཚ་ཉིན་བྱེད་དུ་འབོད་པས་སྤྱི་ལོ ༢༠༢༤ བོད་རབ་གནས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོའི་དབྱར་ཟླ་ཐ་ཆུང་ལ་རྫོགས་པར་བགྱིས་པའོ།། །། ཁུངས་བཅོལ་སའི་གཞུང་ཁུངས། ༡ སི་ཁྲོན་མི་རིགས་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་གཏམ་རྒྱུད་གསེར་ཐང་གི་ཤོག་ངོས། ༡༣༣ ༢ ནི་ཏཱརྠ་དྲྭ་རྒྱའི་དཔེ་མཛོད་ལས་བཤུས། ༣ ནི་ཏཱརྠ་དྲྭ་རྒྱའི་དཔེ་མཛོད་ལས་བཤུས། ༤ སྡེ་དགེ་བཀའ་འགྱུར་མ་དུམ་པའི་ཤོག་ངོས། ༣༦༢ ༥ སྡེ་དགེ་བཀའ་འགྱུར་མ་དུམ་པའི་ཤོག་ངོས། ༣༦༣ ༦ སྡེ་དགེ་བཀའ་འགྱུར་ཙ་དུམ་པའི་ཤོག་ངོས། ༤༥༡ ༧ ནུབ་ཡུལ་ཟིན་བྲིས་ཤོག་ངོས། ༢༤༥ ༨ ནུབ་ཡུལ་ཟིན་བྲིས་ཤོག་ངོས། ༢༤༦ ༩ ནུབ་ཡུལ་ཟིན་བྲིས་ཤོག་ངོས། ༢༤༦ ༡༠ ནུབ་ཡུལ་ཟིན་བྲིས་ཤོག་ངོས། ༢༤༤ ༡༡ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་བའི་དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་བཤུས་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་པའི་ཤོག་ངོས། ༦༦༦ ༡༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་བའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག་ཅེས་པའི་ཤོག་ངོས། ༧༥ ༡༣ འཇམ་དབྱངས་ཤེས་རིག་དཔེ་ཚོགས་དང་པོའི་ཤོག་ངོས། ༣༣༣ ༡༤ སྡེ་དགེ་བཀའ་འགྱུར་མ་དུམ་པའི་ཤོག་ངོས། ༣༦༤-༣༦༥ ༡༥ འཇམ་དབྱངས་ཤེས་རིག་དཔེ་ཚོགས་དང་པོའི་ཤོག་ངོས། ༣༥༣ |