མཚོ་ལྷོབོད་རིག་གནས་དྲ་བ།

 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

༄༅། ། རེབ་གོང་སྔགས་མང་གོས་དཀར་ལྕང་ལོ་ཅན་གྱི་ཆེ་བ་བརྗོད་པའི་གཏམ་གདོང་ལྔའི་གད་རྒྱངས་ཞེས་བྱ་བ།

170
发表时间:2025-11-04 20:55作者:མཁན་མཁས་གྲུབ་རྒྱལ་མཚན།

༄༅། ། རེབ་གོང་སྔགས་མང་གོས་དཀར་ལྕང་ལོ་ཅན་གྱི་ཆེ་བ་བརྗོད་པའི་གཏམ་གདོང་ལྔའི་གད་རྒྱངས་ཞེས་བྱ་བ།


f0efdf77c0f48a55b2af24fdf0cb9d61.jpg


མཐིང་ནག་རལ་བའི་ཆར་སྤྲིན་ཀློང་ན་དམར་པོ་མེ་ཡི་ཚྭ་ཚྭ་འཕྲོ།།

གནམ་ལྕགས་ཕུར་བུ་ངར་མའི་རྩེ་ནས་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་མཐོང་།།

རྔ་དང་ཆ་ལང་རོལ་མོའི་སྒྲ་ཡིས་ཧཱུཾ་ཕཊ་ཡིག་འབྲུའི་ང་རོ་སྒྲོག།

དམོད་པ་དྲག་སྔགས་བསྟན་པའི་བཀའ་བབ་རིག་འཛིན་འདུས་པ་རྒྱ་མཚོར་བསྟོད།།


རྣལ་འབྱོར་ཁྲོས་པའི་སྡང་མིག་ངོམ་ཚེ་གནམ་ས་གཉིས་ཀའི་རྦ་རླབས་གཡོ།།

འགུགས་མཛད་ཕྱག་རྒྱའི་སྟངས་སྟབས་རེ་རེས་ལྷ་སྲིན་སྡེ་བརྒྱད་བྲན་དུ་བྱེད།།

ནག་པོའི་རྩ་ལག་སྡེ་དང་བཅས་པ་རྨང་ནས་འཇོམས་པའི་མཐུ་རྫོགས་པ།།

བསྟན་སྲུང་ལྕགས་རི་དགུང་ལས་མཐོ་བ་ཕུར་ཐོགས་སྟོང་དང་དགུ་བརྒྱར་བསྟོད།།


མཁར་ལ་བསྐྱོན་པའི་ཟན་གྱི་གཏོར་མ་ལོངས་སུ་སྤྱོད་པར་འདབ་ཆགས་ཞེད། །

ལམ་དུ་ཡན་པའི་ཆིབས་ཀྱི་རྟ་ཕོ་སྐྲོག་ཙམ་ལ་ཡང་ཆོམ་རྐུན་འཇིགས། །

སྣང་ཞིང་སྲིད་པའི་ལྷ་འདྲེ་ཡོངས་ཀྱི་སྲོག་སྙིང་དམར་པོ་སྐྱེས་སུ་འབུལ། །

ནུས་ལྡན་རིག་སྔགས་འཆང་བ་ཀུན་ལ་བསྟོད་དབྱངས་རོལ་མོ་ཕྱོགས་སུ་དཀྲོལ། །


གྲུབ་པའི་འཁོར་བསྒྱུར་མཚོ་སྐྱེས་རྡོ་རྗེའི་སྣང་སྲིད་ཟིལ་གནོན་བརྟུལ་ཞུགས་ཀྱིས། །

མ་རུངས་བདུད་སྲིན་ལྷ་འདྲེའི་ཚོགས་དག་མངོན་སྤྱོད་དྲག་པོའི་ལས་ཀྱིས་བཏུལ། །

ཟབ་ཆོས་ཡིད་བཞིན་ནོར་བུའི་གཏེར་མཛོད་མོས་གུས་ཅན་གྱི་སྐལ་བར་སྦས། །

བག་དྲོ་ཉམས་དགའི་རི་བྲག་ཕལ་ཆེར་སྒྲུབ་པའི་གནས་སུ་བྱིན་རླབས་མཛད། །


ཚེ་གང་སྒྲུབ་པའི་དམ་བཅའ་བརྟན་པོ་མི་འགྱུར་སྙིང་ལ་རི་མོར་བཀོད། །

གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ནས་ཡེ་གྲོལ་གཉུག་མའི་རྒྱལ་སར་ཕྱིན། །

གྲུབ་བརྙེས་སྐྱེས་བུ་བཀྲ་ཤིས་གྲངས་ཀྱི་སྙན་པ་དུས་ཀྱི་མཐར་ཡང་གསལ། །

རིག་འཛིན་རྣམ་བཞིའི་ལྷ་གྲལ་སྙེགས་པའི་གོས་དཀར་འཆང་བ་བགྲང་མི་ལང་། །


གཡའ་མ་སྔོན་པོ་མེ་རུ་སྦར་ན་ཚ་བའི་རེག་བྱ་ཡོད་པར་གྲགས། །

རྟ་བདུན་དབང་པོ་ཐ་གུས་བརྟད་ཀྱང་འོད་ཀྱི་སྣང་བ་གསལ་བར་སྨྲ། །

ཀ་བ་མེ་ཏོག་ཆར་དུ་བསྙིལ་བར་མཛེས་པའི་བཀྲག་མདངས་ལྡན་ནོ་སྐད། །

གྲུབ་པའི་ཆེ་བ་ཞིབ་ཏུ་བརྗོད་ལ་སྨྲ་བའི་འདབ་མ་ངལ་བར་སྐྲག །


གཡང་ར་སྒོ་བཞི་གོད་ཁས་གདུང་ཚེ་བཟླས་བརྗོད་སྔགས་ལ་བྱིན་རླབས་མྱུར། །

འབྲུ་དྲུག་སྙེ་མ་སེར་བས་རྡུང་སྐབས་སྲུང་བ་རྡོ་རྗེའི་གུར་ཁང་སྲ། །

གདོན་བགེགས་འབྱུང་པོའི་ཉེར་འཚེ་བྱུང་ན་མནན་བསྲེགས་ལས་ལ་ཐོགས་རྡུགས་བྲལ། །

ཨེ་མ་ཡངས་པའི་འཇིག་རྟེན་ཁམས་ཀྱི་ཕན་དང་བདེ་བའི་རྩ་བར་བསྔགས། །


དེ་སྐད་ཆེ་བའི་གཏམ་གྱི་སྙན་ངག་གདོང་བ་ལྔ་པའི་གད་རྒྱངས་འདི། །

འདི་ལྟར་འབྲི་བའི་བརྗོད་བྱའི་སྙིང་པོ་ལོ་རྒྱུས་གླེགས་བམ་ཁྲོད་ནས་རྙེད། །

རྙེད་པ་གང་དེར་རྒྱན་གྱིས་སྤྲས་ནས་ཀློག་མཁན་ཡོངས་ལ་སྐྱེས་སུ་སྤྲིངས། །

སྤྲིངས་པའི་དགེ་ཚོགས་མྱུར་དུ་སྨིན་ཏེ་སྙིང་པོའི་བསྟན་པ་དར་རྒྱས་ཤོག །


ཅེས་པ་འདིའང་རེབ་གོང་སྔགས་མང་གི་ལོ་རྒྱུས་ལ་དཔེ་ཀློག་བྱེད་པའི་ཞོར་དུ་ཤར་དྷཱི་སྲས་ཀྱིས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག་གུ། །། ༢༠༢༥ ལོའི ༡༡ ཚེས ༡ ལའོ།།