མཚོ་ལྷོབོད་རིག་གནས་དྲ་བ།

 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

ལྷ་སའི་དམངས་གཞས་བདམས་བཀོད།

94
发表时间:2022-03-08 12:56

མ་བྲིས་རི་མོ་ལེགས་པ།།

སེམས་ཅན་སྟག་གི་རི་མོ༎

བྲིས་ན་འགྱུར་བ་མེད་པ༎

ཆུང་འདྲིས་ལ་རྒྱའི་རི་མོ༎

སེར་བྱ་ངང་བ་བཞིན་དུ།།

བརྩེ་དུང་ཁྱོད་ལ་ཡོད་ན༎

ཟ་རྒྱུ་འདམ་ལས་མེད་ཀྱང་༎

མཉམ་ཟ་མཉམ་འཐུང་བྱས་ཆོག།

ཆང་མ་བརྒྱ་དང་བརྒྱད་ཅུའི༎

ཆང་ལ་ཞིམ་རྒྱུ་མི་འདུག།

བྱམས་པས་བཙོས་པའི་ཆང་དེ༎

བདུད་རྩི་མིན་ན་གང་ཡིན༎

ཉ་རྒྱས་བཅོ་ལྔའི་ཟླ་བ༎

ཀུ་མུད་བཞད་ཁ་ཕྱེ་བྱུང་༎

བརྩེ་བའི་ཆུང་འདྲིས་བྱམས་པས༎

ཡིད་ཀྱི་གདུང་བ་སེལ་བྱུང་༎

སྐྱེ་བ་འདི་ནས་འཕོས་ནས༎

ཤིག་གི་ལུས་ལ་བླངས་ན༎

བུ་མོ་པད་མ་ལགས་ཀྱི༎

མཆན་ཁུང་འོག་ནས་བསྡད་ཆོག།

ཞིང་ཆུང་ལོ་ཏོག་ཡག་པའི༎

འོང་སྐོར་བྱེད་དུ་ཕྱིན་པས༎

སྲན་མས་ལག་བཏང་གཏོང་གིས༎

སྙེ་མོས་མགོ་གཡུག་རྒྱག་གི༎

གསེར་གྱི་སྙེ་མའི་ཞིང་ལ༎

བུ་མོ་མེ་ཏོག་འདྲ་བ༎

སེམས་ལ་ཡོད་པའི་བུ་མོའི༎

ཐུགས་ལ་ག་ལེར་དགོངས་བྱུང་༎

སེམས་མཐུན་ཆུང་འདྲིས་བྱམས་པར༎

གཡུ་ཡི་ཚིགས་ཁེབས་བསྒྲོན་ཡོད༎

སེམས་པ་མཐུན་པའི་གཡུ་ཆུང་༎

ཚིགས་ཁེབས་ནང་དུ་བྲིས་ཡོད༎

                       

ལྷ་སའི་བར་སྐོར་གླིང་ནས༎

མུ་ཏིག་ཕྲེང་བ་རྙེད་བྱུང་༎

ཕྲེང་བ་མ་ཟད་བར་དུ༎

ཕྲེང་ཐག་ཆད་ས་མི་འདུག༎

པད་སྒྲོན་འཁྲིད་ན་ངོ་ཚ༎

པད་སྒྲོན་བཞག་ན་སྙིང་རྗེ༎

པད་སྒྲོན་སྤ་ཁུག་ནང་གི༎

གཡང་རྟེན་ཡིན་ན་བསམ་བྱུང་༎

ལྷ་སའི་ཁྲོམ་གཟིགས་སྒང་ལ༎

བསྐོར་བ་ལན་གསུམ་བརྒྱབ་པས༎

འཛམ་བུ་གླིང་ལ་བསྐོར་བའི༎

སྣང་བ་ཡིད་ལ་ཤར་བྱུང་༎

ཁྱེད་རང་མེ་ཏོག་ཀུ་མུད༎

ང་རང་བཅོ་ལྔའི་ཟླ་བ༎

ལས་དང་བསྐལ་བ་ཡོད་ན༎

མཇལ་བའི་དུས་ཤིག་ཤར་འོང་༎

       

གྲུ་ཤིང་རྟ་མགོ་ཟེར་བ༎

རྣ་བས་ཐོས་པ་མ་གཏོགས༎

རྟ་མགོའི་དར་ལྕོག་མཐོང་བ༎

ད་རེས་ཙམ་ཞིག་ཡིན་ནོ༎

ཆུང་འདྲིས་ལུང་བའི་ཕུ་བྱས༎

ང་རང་ལུང་བའི་མདའ་བྱས༎

སེམས་པ་ཆུ་ལ་བསྐུར་ཤོག།

རག་སྐྱོགས་སེར་པོས་བཅུས་ཆོག།

མཐོ་ན་རྒྱལ་མཚན་མཐོ་བ༎

མཛེས་ན་རྒྱལ་མཚན་མཛེས་པ༎

རྒྱལ་མཚན་ཁོག་སྟོང་ཡིན་པ༎

དེ་རིང་མ་གཏོགས་མ་ཤེས༎

                                                                   

བློ་ཡོད་ལྕང་གསར་ཐོག་ཏུ༎

བྱ་ཚང་བཟོ་རྒྱུ་བྱུང་ན༎

བློ་མེད་ཤིང་རྒན་རྒས་པོའི༎

ཡལ་ག་ཆག་ན་ཆག་ཅིག།

སང་ལ་ཁ་བ་བབས་པ༎

མཛོ་གཡག་གཉིས་ཀྱིས་མ་ཤེས༎

བུ་མོར་སྙིང་སྡུག་ཡོད་པ༎

བུ་ཆུང་བདག་གིས་མ་ཤེས༎

ཆུ་མོ་དབྱར་ཆུ་སླེབས་སོང་༎

དགུན་ཆུ་ག་ལེར་བཞུགས་དང་༎

ཚེ་གང་གཏན་གྲོགས་སླེབས་སོང་༎

སྙིང་སྡུག་ག་ལེར་བཞུགས་དང་༎

མ་ཞིང་བཞག་ནས་རི་ཞིང་རྨོ༎

རི་ཞིང་ལྗང་ལོ་ཨེ་ཡག་དྲན༎

རི་ཞིང་ལྗང་ལོ་མ་ཡག་ན༎

མ་ཞིང་རིག་ན་ངོ་རེ་ཚ༎

pexels-photo-730421.jpeg


རི་མགོ་མཐོན་པོའི་ཉི་མ༎

དྲོ་གྲོགས་མེད་པའི་གྲང་རོགས༎

ས་ཐག་འགྱངས་པའི་ཆུང་འདྲིས༎

དགའ་རོགས་མེད་པའི་སྐྱོ་རོགས༎

ཆུང་འདྲིས་བྱམས་པའི་སེམས་པ༎

ཞི་མིའི་སྤུ་ལས་འཇམ་པ༎

གློ་གྲི་སྐར་མ་སྨིན་དྲུག།

མཛེས་མའི་སེམས་བརྟན་འཇོག་རོགས༎

ཆུ་མོ་ཆུ་རིས་ཤིག་ཤིག།

བྱམས་པའི་སྐྲ་ལོ་འདྲ་བ༎

བྱམས་པ་ཡིད་ལ་མ་འཁོར༎

སྐྲ་ལོ་ཡིད་ལ་འཁོར་བྱུང༎

ཁ་གཅིག་སྐོམ་དུས་མ་ཕན༎

རི་མགོ་མཐོན་པོའི་ཆུ་མིག།

སེམས་པ་སྐྱོ་དུས་མ་ཕན༎

ལ་མོའི་རྒྱབ་ཀྱི་ཆུང་འདྲིས༎

ལག་ཤེས་ཤེས་པའི་ནང་ནས༎

ལྷ་བྲིས་ཤེས་ན་དགའ་བ༎

བུ་མོ་ཆུང་འདྲིས་བྱམས་པའི༎

འདྲ་སྐུ་བཞེངས་དགོས་བསམ་གྱི༎

རྐྱང་པ་ཁ་དཀར་བྱང་ལ་འགྲོ་ལེ་དེ༎

སྤང་ན་ཐིག་ཙམ་གྱི་གཏད་ས༎

བྱ་ངང་པ་མཚོ་ལ་སོང་ལེ་དེ༎

མཚོ་མེ་ལོང་ཙམ་གྱི་གཏད་ས༎

ཕ་རིའི་སྤང་གི་སྟེང་ལ།།

དཀར་པོ་གུར་ཆུང་ཕུབ་ཡོད།།

གུར་མཐའ་རླུང་གིས་བཀྱགས་དུས༎

ཆུང་འདྲིས་ཨེ་ཡིན་བསམ་བྱུང་༎

ཇ་མ་མར་གྱི་སྐྱོ་རོགས༎

གནང་རྩིས་ཐུགས་ལ་ཡོད་ན༎

ཇ་ཁུ་ཆུ་ལ་སིམ་སིམ༎

ང་གཉིས་སིམ་པ་ཞུས་ཆོག།

མིག་གིས་ཕར་ལ་བལྟས་པས༎

སྤྱན་གྱིས་ཚུར་ལ་གཟིགས་བྱུང་༎

སྤྱན་མིག་གཉིས་ཀྱི་བར་ལ༎

ལས་འབྲས་མདུད་པ་ཐེབས་སོང་༎

ཁྱེད་ནི་ནམ་མཁའི་སྤྲིན་པ༎

ང་ནི་ས་སྐྱེས་ལྗང་པ༎

ཁྱེད་སེམས་བདག་ལ་ཡོད་ན༎

མ་བསིལ་ཆར་ཞིག་འབེབས་དང་༎

དབྱར་ཁ་སྤང་གི་གང་ལ༎

མེ་ཏོག་སེར་ཆེན་མཛེས་པ༎

བུ་ཆུང་བདག་གི་བློ་གཏད༎

སེར་ཆེན་ཁྱེད་ལ་བཅོལ་ཡོད༎

mountain-landscape-1505044_1920.jpg


ཆུང་འདྲིས་བྱམས་པ་ལྷ་རེད༎

བྱམས་པའི་ཡབ་ཡུམ་བདུད་རེད༎

བདུད་དེ་མ་ཤི་བར་དུ༎

བྱམས་པ་མཇལ་ས་མ་རེད༎

   

དཀར་གསལ་ཟླ་བའི་དཀྱིལ་གྱི༎

རི་བོང་བློ་ལྡན་ཤེས་རབ༎

དཀར་གསལ་གང་འགྲོའི་ས་ལ༎

རི་བོང་འཁྲིད་རོགས་གནང་དང་༎

རྟ་དང་རྟ་སྒ་བར་ལ༎

མི་འགྱུར་གློ་ཐག་བཏིང་ཡོད༎

གསེར་སྒ་གྱ་གྱུ་མ་བྱེད༎

མི་འགྱུར་བློ་ཐག་བཏིང་ཡོད༎

ཀི་ཞིག་བརྒྱབ་ན་ཆེ་འགྲོ༎

ཕུ་ཞིག་བརྒྱབ་ན་ཆུང་འགྲོ༎

རྩིག་ཟུར་རྡིག་རྡིག་གཏོང་དུས༎

བུ་མོས་འོན་སེང་གནང་དང་༎

ཤ་ཟད་རུས་ལ་ཐུག་ཀྱང་༎

བརྩེ་བའི་ཁྲག་རྩ་སྐམ་མེད༎

ལོ་ཟླའི་སྟངས་སྟབས་འོག་ཏུ༎

དམ་བཅའི་རི་མོ་ཡལ་མེད༎

                       

ཕར་ལ་མིག་གཅིག་བལྟས་པས༎

ཚུར་ལ་སྤྱན་ཞིག་གཟིགས་བྱུང་༎

སྤྱན་མིག་རྫི་མའི་འོག་ནས༎

ལས་འཕྲོའི་མདུད་པ་ཐེབས་སོང་༎

ཤར་ཕྱོགས་རི་བོའི་ལྡེབས་ལ༎

ཤྭ་བ་ཕར་རྒྱུག་ཚུར་རྒྱུག།

མདའ་མོ་རྒྱག་དགོས་བསམ་ནས༎

གཞུ་མོ་བཀུག་ནས་བསྡད་ཡོད༎

   

མདའ་མོ་འབེན་ལ་ཕོག་སོང་༎

མདེའུ་ས་ལ་འཛུལ་སོང་༎

ཆུང་འདྲིས་བྱམས་པ་འཕྲད་བྱུང་༎

སེམས་ཉིད་རྗེས་ལ་འབྲངས་སོང་༎

ཆང་ལ་ཆུ་གཅིག་བརྒྱབ་པས༎

སྦང་མ་ཁ་རུ་བྱིངས་སོང་༎

ང་དང་བུ་མོའི་ལས་དེ༎

དང་པོ་དེ་ནས་འཕྱུག་སོང་༎

ང་རང་མི་འགྲོ་བསམ་ཡང་༎

རྟ་ཕོས་མཚན་བསླངས་བཏང་བྱུང་༎

རང་སེམས་རང་ལ་མི་གནས༎

བྱམས་པའི་ཕྱོགས་ལ་ཤོར་སོང་༎

ཆོས་ཀྱི་ཆོས་བཟང་དྲན་བྱུང་༎

ཡར་འབྲོག་བསམ་སྡིངས་དྲན་བྱུང་༎

བསམ་སྡིངས་མིག་གིས་མ་མཐོང་༎

རྒྱ་གླིང་རྣ་བས་ཐོས་བྱུང་༎

བསམ་ཡས་བྱ་ཕོ་དཀར་པོ༎

བྱ་སྐད་སྔ་པོ་མ་རྒྱག།

ང་དང་ཆུང་འདྲིས་བྱམས་པའི༎

སྙིང་གཏམ་བཤད་འཕྲོ་ལུས་ཡོད༎

རྟ་དང་རྟེའུའི་བརྩེ་དུང་༎

ང་རང་གཉིས་ལ་བྱུང་བ༎

བརྟོད་ཐག་ཕུར་བའི་ལོགས་ནས༎

གྲོལ་བའི་ཐབས་ཤིག་བཏང་ཆོག།

གསེར་གྱི་ཐོག་ཁུར་འགྲོ་བ༎

དངུལ་གྱི་སྐས་འཛེགས་དགོས་ཀྱིས༎

ཡིད་འཕྲོག་མཛེས་མ་འཚོལ་བར༎

རྡོ་ཡི་ཞགས་པ་དགོས་ཀྱིས།།

ཆུ་ལ་ཟམ་པའི་སྐྱོར་མ༎

བྲག་ལ་ཐེམ་པའི་སྐྱོར་མ༎

ཨོ་ལོ་མི་ཡུལ་འགྲིམ་དུས༎

དཀོན་མཆོག་གསུམ་གྱི་སྐྱོར་མ༎

ཆོས་གཅིག་བྱེད་དགོས་བསམ་ནས༎

དགའ་ལྡན་ཕྱོགས་ལ་ཕྱིན་པས༎

ཡར་བལྟས་བླ་མ་མ་མཇལ༎

མར་བལྟས་ཆུང་འདྲིས་མཇལ་བྱུང་༎

བཀྲ་ཤིས་ལུང་པའི་ཕུ་ལ༎

གསེར་གྱི་མཁར་རྔ་བརྡུངས་བྱུང་༎

རྡུང་མི་སུ་ཡིན་མ་ཤེས༎

ཉན་མི་མཆི་མ་བབས་བྱུང་༎

ཕུ་ཡི་སྤང་རྒྱན་མེ་ཏོག།

ག་ལེར་བཞུགས་གདན་འཇགས་དང་༎

ང་ལ་ལུང་པའི་མདའ་ནས༎

སྲན་མའི་མེ་ཏོག་རྙེད་བྱུང་༎

དགའ་ལྡན་དབང་བོའི་རི་ལ༎

དབྱར་རྩྭ་མེད་པའི་དགུན་རྩྭ༎

ང་དང་ཆུང་འདྲིས་བྱམས་པ༎

ལུས་འདྲེས་མེད་པའི་མི་ཁ༎

麦3.jpg

                     

མི་ཁ་བཟོ་མཁན་ཁ་ལ།།

སྒོ་ལྕགས་རྒྱག་རྒྱུ་བྱུང་ན༎

བཟོ་བ་དམྱལ་བའི་གཏིང་ལ༎

འབོད་དགོས་བྱུང་ཡང་དྲག་པ༎

ཁམ་བུའི་ཕྱི་ཁོག་ཞིམ་པ༎

སྟར་ཁའི་ནང་ཁོག་ཞིམ་པ༎

ཞིམ་པོའི་མངའ་རིས་ཁམ་བུ༎

འགྲམ་སྦུག་གཡས་ལ་བཅུགས་ཡོད༎

བྲག་དེ་རྡོ་རྗེ་བྲག་ལ༎

རྒོད་པོས་རྒོད་ཚང་བསགས་ཡོད༎

རྒོད་པོ་སྐུ་ཚེ་རིང་ཤོག།

རྒོད་ཕྲུག་གནས་བཟོད་བདེ་བ༎

རྐང་ལ་མ་འགྲིག་ལྷམ་རེད༎

འཇའ་ཆེན་ཡིན་ཡང་མི་ཞུ༎

བློ་ལ་མེད་པའི་བྱམས་པ༎

རྒྱལ་སྲས་ཡིན་ཡང་མི་དགོས༎

བདག་གིས་བཙལ་བའི་ཆུང་འདྲིས༎

གཞན་གྱིས་འཕྲོག་གི་ཡོད་ན༎

སྐེད་པར་བཏགས་པའི་གྲི་དེ༎

སྐྱོ་མ་ལྡག་ཡས་མ་རེད༎

ང་ཡིས་བཏབ་པའི་མེ་ཏོག།

གཞན་གྱིས་བཏོག་རྒྱུ་ཟེར་ན༎

འཇིག་རྟེན་སྣང་བའི་དོད་དུ༎

སྲོག་གིས་སྐྱིན་ཚབ་འཇལ་དགོས༎  

སེམས་ཉིད་ལྕགས་ཀྱི་ཨ་ལོང་༎

ནད་མེད་གཅོང་ལ་ཚུད་སོང་།།

འདྲིས་པའི་ཆུང་འདྲིས་མ་གཏོགས༎

སྨན་པ་བརྒྱ་ཡིས་མ་ཕན༎

སྔ་དྲོ་གསེར་བྱ་ཡིན་ཟེར༎

པོ་ཏ་ལ་རུ་ཕེབས་ཀྱིས།།

དགོང་མོ་གཡུ་བྱ་ཡིན་ཟེར༎

ཡ་མོན་གཞུང་ལ་ཕེབས་ཤག

               

ཆུང་འདྲིས་ཁྱོད་ལ་ཅི་དགོས༎

ཅི་དགོས་ང་ལ་གསུང་དང་༎

ནམ་མཁའི་སྐར་མ་ཡིན་ཡང་༎

འཇའ་སྐས་བཙུགས་ནས་བླངས་ཆོག།