མཚོ་ལྷོབོད་རིག་གནས་དྲ་བ།

 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

བོད་ལ་བཀའ་དྲིན་ཆེ་བའི་ཕྱི་གླིང་གི་བུད་མེད་ཅིག

2
发表时间:2022-03-08 15:44


རྩོམ་པ་པོ།   བསྟན་པ་ཡར་འཕེལ།   ལན་གྲུ།   

དཱ་ཝེ.ནེ་ཨར། (Alexandra David-Néel 1890一 19 6 9 )ཞེས་པ་ནི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་ཧྥ་རན་སིའི་བུད་མེད་ཅིག་ཡིན་ཏེ། མ་ཧཱ་གན་དྷི་དང་བཅུ་གསུམ་པ་ཆེན་མོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ། ལུང་ཤར་རྡོ་རྗེ་ཚེ་རྒྱལ། དགེ་འདུན་ཆོས་འཕེལ། པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། ཨ་ལགས་དུང་དཀར་རིན་པོ་ཆེ། རྗེ་དམུ་དགེ་བསམ་གཏན་དང་དུས་མཉམ་ཡིན།

ABUIABACGAAgz5KckQYo9YWciQIwwAI45wM.jpg


མོ་རང་བོད་ཀྱི་སྔོན་བྱོན་ལོ་པཎ་རྣམས་རྒྱ་གར་ལ་བྱོན་ནས་བཅུ་ཕྲག་རིག་གནས་བོད་ལ་བསྒྱུར་བ་ནང་བཞིན་བོད་ཡུལ་དུ་ལོ་མང་རིང་བཞུགས་ཤིང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མང་དུ་བྱས། མོའི་བརྩམས་ཆོས་ཆ་ཚང་ཡིག་རིགས་སྣ་མང་དུ་བསྒྱུར་ཞིང་། ཕྱི་གླིང་བ་ཚོས་དགའ་བསུ་ཚད་མེད་བྱེད།

མོའི་བརྩམས་ཆོས་ནི་ཕྱི་གླིང་བ་ཚོས་ཁྱད་མཚར་བའི་ཤར་ཕྱོགས་ཀྱི་རིག་གནས་མཐོང་བྱེད་ཀྱི་དཀར་ཁུང་ལྟ་བུ་ཡིན། མོའི་མི་ཚེ་ཧྲིལ་བོ་བོད་ཀྱི་རིག་གནས་ཞིབ་འཇུག་ལ་བསྟིམས་ཞེས་སྨྲས་ན་མི་ཆོག་པ་མེད་དེ། བོད་རིག་པ་ལ་ཞིབ་འཇུག་བྱེད་ན་མོའི་བརྩམས་ཆོས་ནི་མ་བཀླགས་ཐབས་མེད་ཅིག་ཡིན། མོ་རང་བོད་ཀྱི་རིག་གནས་ལ་དུང་དྲགས་པས་རང་ལ་ཡེ་ཤེས་སྒྲོན་མེ་ཞེས་པའི་བོད་མིང་ཞིག་བཏགས་ཤིང་སྒང་བ་བོད་ཡུལ་གྱི་ཡུལ་འདིར་སྨོན་པ་ཚད་མེད་བྱེད།

1918 1923 1938 1944ལོ་བཅས་ཐེངས་བཞིར་བོད་ནང་དང་ཉེ་འཁོར་གྱི་ཡུལ་གྲུ་དག་ནས་རིག་གནས་ཀྱི་རྟོག་ཞིབ་མང་དུ་བྱས་ཤིང་། མིང་ལ་ཡོན་ཏན་བླ་མ་ཞེས་པའི་བུ་སྐལ་ཞིག་ཀྱང་ཡོད།

དཱ་ཝེ.ནེ་ཨར་1868ལོའི་ཟླ་བཅུ་བའི་ཚེས་24ཉིན་ཧྥ་རིན་སིའི་གྲོང་ཁྱེར་པཱ་ལིའི་ཞིང་གྲོང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་གཤིས་ཀ་སོགས་གཞན་དང་མི་འདྲ་བར་ཁྱད་མཚར་པོ་ཡོད་དེ། མི་རྣམས་ཀྱིས་འགྲེལ་བཤད་བྱེད་མི་ཤེས་པའི་རིགས་ལ་མཚར་སྣང་འཛིན་མཁན་ཞེ་དྲགས་འཛིན། རིམ་གྱིས་ནར་སོན་པ་དང་བསྟུན་ཡེ་ཤེས་ལྷ་ཁང་དུ་ཀློག་བསླབས་ཤིང་། རྒྱ་གར་རིག་པ་དང་ཀྲུང་གོའི་རིག་པ་ལ་བྱང་ཆུབ་པའི་མཁས་པ་གྲགས་ཅན་ཞཱེར་ཝན.ལེ་བེ席尔宛·烈维དང་ཨེར་དིག་དཔའ.ཧྥོ་ཁུ爱德华·福科སོགས་ཀྱི་དྲུང་དུ་རིག་པའི་གནས་མང་པོ་བསླབས་པ་དང་ལྷག་པར་སྒྲ་རིག་པ་ལེགས་པར་བསླབས།

ལྕམ་མོ་མོར་གུན་ལགས་ཀྱི་ངོ་སྤྲོད་བརྒྱུད་པཱ་ལིའི་ཆེས་ལེགས་པའི་ཡེ་ཤེས་ཐུན་ཚོགས་སུ་སློབ་གཉེར་བྱེད་པའི་གོ་སྐབས་ཐོབ་ཅིང་། དེ་རུ་བོད་དང་འབྲེལ་བ་ཡོད་པའི་ཡིག་ཚང་མང་པོ་མཇལ། སྔགས་ཡིག་གིས་ཕབ་ཡོད་པའི་རིག་གཞུང་མང་དུ་མཇལ་བ་དང་བསྟུན་བོད་ཀྱི་ཐུན་མིན་རིག་གནས་ལ་བློ་ཁ་ཕྱོགས། དུས་དེ་ནས་བཟུང་ཤར་ཕྱོགས་རིག་པ་ལས་བོད་རིག་པ་ལ་ཞིབ་འཇུག་བྱེད་པའི་སྤྲོ་བ་འཕེལ་ཞིང་ཁྱད་མཚར་བའི་མི་ཚེའི་འགྲུལ་བཞུད་ལ་རྨང་བཏང་།

ཧྥ་རན་སི་ནས་ཤར་ཕྱོགས་ཀྱི་སྒྱུ་རྩལ་རིག་མཛོད་བཤམས་སྟོན་ཁང་དུ་ལས་ཀ་བྱེད་སྒང་ཤར་ཕྱོགས་ཀྱི་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་ཐང་ག་དང་རི་མོ་སོགས་ཀྱིས་མོའི་ཡིད་སེམས་རབ་ཏུ་འཕྲོག དེ་དང་དུས་མཚུངས་སུ་ཀྲུང་གོ་དང་རྒྱ་གར་གྱི་རྩོམ་རིག་དང་མཚན་ཉིད་རིག་པ་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ་པ་དང་། སྐབས་དེ་དུས་མོས་གཞི་ནས་རང་ལ་ཡེ་ཤེས་སྒྲོན་མེ་ཞེས་པའི་ཆོས་མིང་དེ་བཏགས་པ་རེད། དེ་དང་དུས་མཚུངས་བོད་ཁ་བ་ཅན་གྱི་ཡུལ་དུ་རྣམ་ཤེས་ཤོར། མོའི་སེམས་སུ་སངས་རྒྱས་ཆོས་ལུགས་ནི་ཆོས་ལུགས་འབའ་ཞིག་མ་ཡིན་ཏེ། དེ་ནི་མཚན་ཉིད་རིག་པ་ཞིག་ཡིན་པའི་གོ་རྟོགས་སད་ཞིང་ཤར་ཕྱོགས་ཀྱི་རིག་གནས་ལ་མཐོང་ཆེན་བླ་ལྷག་བྱས། དེ་བས་ན་ཨོ་གླིང་གི་རིག་གཞུང་སྨྲ་མང་པོས་མོར་ནུབ་ཕྱོགས་ནས་འཁྲུངས་པའི་ཤར་ཕྱོགས་པ་ཞེས་སྨྲ།

1891ལོར་གཞི་ནས་རྫོགས་མཐའ་མེད་པའི་འགྲུལ་བཞུད་ཀྱི་བགྲོད་ལམ་རིང་མོར་ཞུགས་ཤིང་། སེམས་དང་རྣམ་ཤེས་ཤོར་སའི་དག་ཞིང་སྟེ་ཤར་ཕྱོགས་ཁ་བའི་ཡུལ་ལ་ཆས་རྒྱུ་སེམས་ཐག་བཅད། དེའི་དོན་དུ་པཱ་ལི་སློབ་ཆེན་དང་ཧྥ་ལན་ཞི་སློབ་གླིང་སོགས་ལ་འགྲོ་བའི་གོ་སྐབས་སྣང་མེད་དུ་བཞག་པ་མ་ཟད། བཤམས་སྟོན་ཁང་གི་ལས་གནས་ཀྱང་བསྐྱུར།

ལང་ཚོའི་འདབས་མ་ཆེས་ཆེར་བཞད་པའི་སྐབས་ཏེ། མོ་ལོ་ཉེར་གསུམ་ལ་བུད་པའི་ལོ་དེར་མོ་རང་མདའ་མོ་གཞི་ནས་ཤོར་བ་དང་། རྟ་ཕོ་མཐུར་ལས་ཐར་བ་ལྟར་མི་ལོ་ཉེར་གཉིས་རིང་འཚོ་བ་རོལ་མྱོང་བའི་རང་གི་སྐྱེ་ས་སྐྱེ་ཡུལ་དང་ཁ་བྲལ་ཏེ་ཤར་ཕྱོགས་ཁ་བའི་ཡུལ་ལ་ཆས་སོ། །

ཐོག་མར་རྒྱ་གར་དུ་ཆས་ཤིང་། དེ་རུ་རྒྱ་གར་གྱི་གྲུབ་མཐའ་མང་པོའི་ཆོས་དང་ཆ་ལུགས་ལ་སློབ་སྦྱོང་བྱས། 1892ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་རྒྱ་གར་གྱི་ཆེས་མཐོ་བའི་ལྷ་ཤེས་སློབ་ཚོགས་སུ་ཞུགས། དེ་ནས་1893ལོར་རྒྱ་གར་གྱི་རྒྱལ་མཚམས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་ས་མཚམས་ལ་ཐོན། དེ་རུ་གནའ་བོའི་ཡིག་ཚང་ལས་མ་གཏོགས་མཐོང་མྱོང་མེད་པའི་བོད་མི་དང་ཐེངས་དང་པོར་འཕྲད་ཅིང་། ཆུང་བྱིས་པའི་དུས་ནས་བཟུང་སེམས་ཀྱི་སྨོན་པ་ཤོར་མྱོང་བའི་བོད་ལྗོངས་ཀྱི་རི་ཆུ་ནགས་གསུམ་ཐེངས་དང་པོར་ཁྲ་ཆུང་མིག་གི་མཐོང་ལམ་དུ་མངོན།

དགེ་འདུན་ཆོས་འཕེལ་ལོ་གཉིས་ལ་བུད་པའི་ལོ་སྟེ། 1904ལོའི་ཟླ་གཉིས་པར་༼ཧྥ་རིན་སིའི་འཕྲིན་ཡིག་ཚགས་པར་༽སྟེང་༼བྱང་ཁོ་རེ་ཡའི་ཆོས་ལུགས་དང་རྨོངས་དད་༽ཞེས་པ་སྤེལ་ཞིང་། ཡང་ལོ་དེའི་ཟླ་དྲུག་པར༼བོད་ཀྱི་གྲྭ་བ་དང་གྲུབ་མཐའི་ཆ་ལུགས༽ཞེས་པ་སྤེལ། བརྩམས་ཆོས་འདི་གཉིས་ནི་མོས་བོད་བརྒྱུད་ནང་བསྟན་དང་ཤར་ཕྱོགས་ཆོས་ལུགས་ཀྱི་རྩོམ་སྟེགས་སུ་ཐེངས་དང་པོར་སྤེལ་བའི་བརྩམས་ཆོས་ཡིན་ལ། དཱ་ཝེ.ནེ་ཨར་(Alexandra David-Néel)ཞེས་པའི་མིང་འདི་ཐེངས་དང་པོ་མངོན་པའང་ཡིན། དུས་དེ་ནས་བཟུང་སྟེ་ཤར་ཕྱོགས་རིག་པ་ལ་ཞིབ་འཇུག་བྱེད་པའི་དབུ་ཚུགས་སོ། །

1910ལོའི་སྟོན་ཁར་རྒྱང་ཐག་རིང་བའི་བོད་ཡུལ་དུ་བསྐྱོད་པར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཤིང་། ཤར་ཕྱོགས་རིག་པའི་ཆེད་མཁས་རྣམས་ལ་བཀའ་འདྲི་ཡང་ཡང་བྱས་ཏེ། རང་གིས་མ་འོངས་པར་འབྲི་འགྱུར་གྱི་བརྩམས་ཆོས་ལ་རྩོམ་གདན་བཏང་། ལོ་དེའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་ནང་སེམས་ཀྱི་རེ་བ་དང་ལས་སྐལ་གྱི་ཁུར་ཙ་ཁྱེར་ཏེ་མུ་རུ་ལམ་ལ་ཆས། ལོ་བཅུ་བཞིའི་འཁྱམ་ཉུལ་གྱི་འཚོ་བ་གཞི་ནས་མགོ་བརྩམས། 1912ལོའི་ཟླ་བཞི་བའི་ནང་རྡར་ཅད་གླིང་大吉岭དུ་འབྱོར་ཞིང་ཆེས་མཐའ་མའི་སེམས་ཀྱི་ལོག་མལ་ཏེ་བོད་གངས་རིའི་ལྗོངས་ཀྱི་སྒོ་ཆེན་དུ་མཛུལ་བར་གྲ་སྒྲིག་བྱས།

1912ལོའི་ཟླ་བཞི་ཚེས་བཅོ་ལྔ་ཉིན་ཀ་ལིམ་པོང་ལ་འབྱོར། དེ་རུ་བོད་ཀྱི་བླ་སྤྲུལ་དང་སྐུ་དྲག་སྐོར་ཞིག་ལ་མཇལ། བོད་ཀྱི་བླ་སྤྲུལ་ཆེས་མཐོ་ཤོས་ལ་མཇལ་བའི་ཨོ་གླིང་གི་མི་ཐོག་མ་ཡིན། ལོ་དེའི་ཟླ་དགུ་བར་༼བོད་ཀྱི་གསང་བ་དང་མཐུ་ཆས།༽ཞེས་པའི་གྲགས་རྩོམ་སྤེལ་བ་དང་། ཕྱིས་སུ་དེ་ཉིད་ལ་ཁ་གསབ་དང་སྣོན་འཕྲི་བྱས་ཏེ་དེབ་གཟུགས་སུ་པར་སྐྲུན་བྱས། དེའི་ཕྱི་ལོ་སྟེ། 1913ལོར་བོད་ནང་ནས་ཀྱང་བློ་རྣོ་བའི་ན་གཞོན་བཞི་དབྱིན་ཇིར་རིག་པ་སློབ་ཏུ་ཆས་པའི་སྒང་ཡིན། འདི་ལྟར་རིག་གནས་གསར་བའི་རྦ་རླབས་དྲག་པོས་ཕྱི་ནང་ཀུན་ནས་བོད་ཀྱི་ལྷིང་འཇགས་དང་ཁུ་སིམ་དཀྲོག་མགོ་བརྩམས།

1916ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཆོག་མཆན་གང་ཡང་མེད་པར་བུ་སྐལ་ཡོན་ཏན་བླ་མ་དང་ལམ་ཁྲིད་པ་ཞིག་བཅས་བོད་ཁ་བའི་ཡུལ་དུ་ཐོན། ཐོག་མར་རྙིང་མ་པའི་མཆོད་རྟེན་དང་གཙང་བཀྲ་ཤིས་ལྷུན་པོར་མཇལ། 1916ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་གཞིས་ཀ་རྩེ་ལ་འབྱོར། གནས་དེ་རུ་པཎ་ཆེན་རིན་པོ་ཆེར་མཇལ་བ་དང་མོས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་གསན་པས་པཎ་ཆེན་ལགས་ནས་སྐུལ་མ་ཆེན་པོ་གནང་། པཎ་ཆེན་ལགས་ནས་མོ་གནས་དེ་གའི་སྐུ་དྲག་རྣམས་ལ་མཚམས་སྦྱོར་བྱས་པ་མ་ཟད་རང་གི་ཡུམ་ལ་ངོ་སྤྲོད་བྱས།

མོ་བོད་དུ་ཕྱིན་པས་དབྱིན་ཇི་བ་རྣམས་མ་རིངས་པ་བྱུང་ཞིང་། རྡར་ཅད་གླིང་དུ་དབྱིན་ཇི་བའི་ཆོག་མཆན་མེད་པར་ཕྱིན་པས་ཉིན་བཅུ་བཞིའི་ནང་ངེས་པར་ཕྱིར་ཐོན་དགོས། གལ་ཏེ་མ་ཐོན་ན་བོད་ཡུལ་ནས་བདའ་རྒྱུ་ཡིན་ཞེས་བཀའ་བབས་པས། མོ་ཡང་ཐབས་ཟད་དེ་ཡང་བསྐྱར་ཕྱིར་རྡར་བཅད་གླིང་དུ་ཐོན་པ་བྱས།

1916ལོའི་ཟླ་དང་པོའི་ཚེས་དགུ་ཉིན་འབར་མར་ཐོན་ཞིང་། དེ་ནས་ཟིང་ག་ཕོར་དང་ཉི་ཧོང་། བྱང་ཁོ་རེ་ཡ་བཅས་སངས་རྒྱས་ཆོས་ལུགས་དར་སའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་སྐོར་ཞིག་ལ་སོང་། དེ་ནས་པེ་ཅིན་ལ་སོང་ཞིང་རིམ་གྱིས་སྐུ་འབུམ་དགོན་པ་བརྒྱུད་དེ་ཉི་མ་ལྷ་སར་ཆས་པར་འཆར་གཞི་བཟོས། སྐབས་དེར་ཧཱི་ཁོ་དཔེ་ཧཱེའང་བོད་ཡུལ་ནས་ཕྱིར་ཐོན་པ་མ་ཐག་ཡིན། ཧཱི་ཁོ་དཔེ་ཧཱེ་河口慧海ཞེས་པའང་ཉི་ཧོང་གི་བུད་མེད་མཁས་པ་ཞིག་ཡིན་ཏེ། བོད་ནང་ནས་ལོ་ངོ་མང་པོ་བཞུགས་པ་མ་ཟད་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་ཉི་ཧོང་གི་བུད་མེད་ཐོག་མ་ཡིན། བོད་སྐད་བོད་ཡིག་ལ་བྱང་ཆ་ལྡན། ཚབ་མཚོན་བརྩམས་ཆོས་ལ༼བོད་ནང་ཡུལ་སྐོར་ཟིན་བྲིས།༽སོགས་ཡོད།

དཱ་ཝེ.ནེ་ཨར་གྱི་བསམ་པར་སོག་ཡུལ་དུ་ཐེངས་གཅིག་ཕྱིན་ཏེ་དེ་གར་བོད་བརྒྱུད་ནང་བསྟན་གྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ན་ཡག་པོ་འདུག་བསམ་སྟེ་ཧྥ་རན་སའི་གཞུང་ཚབ་པ་མཱ་ཐིར马特尔ལ་སྙན་ཞུ་ཕུལ་ཞིང་། གཞུང་ཚབ་པས་བླ་མར་ཞིབ་འཇུག་བྱེད་པའི་བསམ་ཚུལ་དེ་རྟོགས་རྗེས་མོ་ཀྲུང་གོའི་ཕྱི་འབྲེལ་གཞུང་ལས་ཁང་ལ་བསྐྱལ། ཕྱི་འབྲེལ་གཞུང་ལས་ཁང་ནས་བོད་ཀྱི་ལས་དོན་གཞུང་ལས་ཁང་ལ་གཏད་ཅིང་། དེ་གའི་གཞུང་སྒྲུབ་ཁང་ནས་ཀུའུ་ལངས་ཚང་ཧོ་པེ་ཧཱན་ལ་གཏད།古浪仓呼比勒罕

ཀུའུ་ལངས་ཚང་ནས་ནོར་སྲིད་ཅུའི་སྒོར3000འབྱོར་འཕྲད་ཟླ་ཕྱེད་མ་འགོར་བར་བོད་ཡུལ་དུ་བསྐྱལ་རྒྱུ་ཐག་བཅད། མོ་དེ་ལ་ཤིན་ཏུ་འཐད་ཡོད་དེ་རྗེས་སུའང་ཧོ་པེ་ལི་ཧཱན་呼比勒罕ནས་ང་ལ་རོགས་པ་ཆེན་པོ་བྱས་སོང་ཞེས་བརྗོད། དེ་དུས་མོས་རང་ཉིད་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཏེ་སྐུ་འབུམ་དགོན་པར་ངེས་པར་འགྲོ་དགོས་ཞེས་ཞུས་པ་དང་། 1918ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཧོ་པེ་ལི་ཧཱན་དང་མཉམ་དུ་པེ་ཅིན་དང་ཁ་བྲལ།

1918ལོའི་ཟླ་བདུན་པ་ནས1921ལོའི་ཟླ་གཉིས་པའི་བར་སྟེ། ལོ་གཉིས་དང་ཟླ་བརྒྱད་ཀྱི་རིང་མདོ་སྨད་སྐུ་འབུམ་དགོན་པ་རུ་བསྡད། དེ་རུ་རྒྱུན་པར་མཆོད་རྟེན་ལ་སྐོར་བ་བྱས་ཤིང་ནང་བསྟན་གྱི་གཞུང་ལ་ཞིབ་འཇུག་ཟབ་མོ་བྱས། མོས་ཟིན་བྲིས་སུ་ཨ་ཀྱཱ་རིན་པོ་ཆེ་དང་མཇལ་བའི་སྐོར་བྲིས་ཡོད། སྐབས་དེར་སྐུ་འབུམ་དགོན་པ་ན་གྲྭ་བཙུན3800ལྷག་འདུག་པ་དང་རྒྱུན་པར་གྲྭ་བ་ཚོས་ཆོས་རྩོད་དང་། མཚམས་མཚམས་ལ་འཆམ་རྩེ་བ། ཙནྡན་གྱི་སྡོང་བོ་བཅས་ནི་དངོས་གནས་ཉམས་དགའ་བོ་ཡོད་ཅེས་པའང་མོའི་རྗེས་ཀྱི་ཟིན་བྲིས་སུ་བཀོད་ཡོད།

ལོ་དེར་མོ་ལོ་ན་ལྔ་བཅུར་སླེབས་མོད། ད་དུང༼ཧྥ་ལན་ཞིའི་འཕྲིན་ཡིག་ཚགས་དེབ༽དང་༼ཧྥ་ལན་ཞིའི་དགོང་མོའི་ཚགས་དེབ༽བཅས་སུ་རྩོམ་ཡིག་མང་དུ་བསྐུར། 1919ལོ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་ལ་གོད་ཆགས་ཆེན་པོ་བྱུང་བའི་ལོ་དེའང་མོས་ཚེ་སྲོག་གི་ཉེན་པ་ལ་མ་འཛེམ་པར་སྐུ་འབུམ་དགོན་པའི་ཉེ་འཁོར་གྱི་དགོན་པ་མང་པོར་ཕྱིན།

ལོ་དེའི་ཟླ་བདུན་པ་ནས་ཟླ་དགུ་བའི་ནང་མཚོ་སྔོན་པོར་ཕྱིན་ཞིང་ཁོམ་སྐབས་ལ་ཆོས་གཞུང་ཁ་ཤས་ཡིག་སྒྱུར་བྱས་པ་དང་བོད་ཡུལ་གྱི་ཡིག་ཚང་ཁ་ཤས་མཉམ་དུ་བསྡེབས་ཏེ་དེབ་ཅིག་བརྩམས་པ་ལ༼སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་གསང་བ༽ཟེར། དེབ་དེའི་ཁྲོད་ཀྱི་ནང་དོན་མང་ཤོས་མཚོ་སྔོན་པོའི་ཁ་ནས་བྲིས་ཤིང་། རྗེས་སུ་པར་སྐྲུན་བྱས་པའི་༼ཤེས་རབ་ཀྱི་གོང་རོལ་ན།༽ཞེས་པའི་དེབ་དེའི་རྩོམ་གདན་སྐབས་འདིར་བཏང་བར་བཤད།

1921ལོའི་ཟླ་དང་པོ། སྐུ་འབུམ་དགོན་པར་ཇག་པ་དང་གཏུམ་སྤྱོད་ཅན་གྱིས་བཅོམ་པས་མོ་ཟླ་གཉིས་པའི་ཚེས་ལྔ་ཉིན། ལོ་གཉིས་དང་ཟླ་བརྒྱད་ལ་བཞུགས་མྱོང་བའི་གནས་འདི་དང་གཏན་དུ་ཁ་བྲལ། ལོ་མང་པོའི་སྔོན་དུ་རྗེ་ཙོང་ཁ་བས་གྱེས་བྲལ་གྱི་གདུང་བ་ཁུར་ཏེ་དུས་གཏན་དུ་གནས་འདིར་གྱེས་པ་བཞིན།

1921ལོ་ནས1923ལོའི་བར་དུ་མོ་རང་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ལུས་ཞིང་། སྔོན་ལ་བོད་ཡུལ་གྱི་ཤར་ཕྱོགས་ཏེ་དར་རྩེ་མདོ་ལ་ཕྱིན། དེ་ནས་དེ་གའི་ཚོང་བ་དང་མཉམ་དུ་ལྷ་སར་བསྐྱོད་མགོ་བརྩམས། ལམ་སྐེད་ལ་ཐོན་དུས་བོད་མིན་པ་ཤེས་པས་དེ་གར་བཀག དེ་ནས་མོ་རང་ཐབས་ཟད་པས་བྱང་ཐང་བརྒྱུད་དེ་ཕྱིར་ལོག ལོ་ན་བགྲེས་པས་ཟླ་གསུམ་གྱི་ལམ་ལ་ལོ་གསུམ་གྱིས་ཆས་དགོས་བྱུང་།

དེ་ནས་ཡང་བསྐྱར་ལྷ་སར་བསྐྱོད་པའི་འཆར་གཞི་གསར་བ་འཐེན། མོས་སྟོད་ཉི་མ་ལྷ་ས་དང་འབྲེལ་བའི་རྩོམ་དང་ཡིག་ཚང་མང་དུ་བཀླགས་པས། ད་ལྟ་མོ་རང་ལ་མཚོན་ན་ལྷ་ས་ན་སྔོན་ཆད་ནང་བཞིན་ཆ་མེད་པ་ཞིག་མིན། ལྷ་སར་ཨོ་གླིང་གི་མི་མང་པོའི་རྩོམ་ཡང་མང་དུ་མཐོང་ཞིང་། དཔེར་ན། 1624ལོར་ལྷ་སར་ཕྱིན་པའི་ཡེ་ཤེས་ཆོས་སྤེལ་བ་ཨན་དུག་ལཱ། 1716དུག་ཟི་དུག་ལི། 1719དང་1564ལ་སྔ་རྗེས་སུ་ཆོས་སྤེལ་བ་མང་པོ་སོང་བ་དང་། 1896ལོར་པཱང་བ་ལོ་དང་ཨོར་ལང་གཉིས། ཁོ་ཚོ་ཚང་མའི་རྩོམ་བཀླགས་མྱོང་།

ཡིན་ནའང་ཁམས་ཕྱོགས་ནི་ད་དུང་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཏེ། བོད་པ་ཚོས་ཕྱི་གླིང་གི་མི་ཡོང་བར་བཀག་འགོག་བྱེད་པ་མ་ཟད་དབྱིན་ཇི་པས་གནས་དེའི་བདག་དབང་སྒེར་སྡོམ་བྱེད་པར་དམིགས་ཀྱིན་ཡོད་པས་སུའང་དེར་སོང་མྱོང་མེད། མོ་རང་དེར་ཕྱིན་པ་ནི་ཐོད་བརྒལ་ཆེ་ཞིག་ཡིན་ཏེ། དཱ་ཝེ.ནེ་ཨར་གྱི་བོད་བསྐྱོད་ཟིན་བྲིས་ལས་ཁམས་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས། ཡུལ་གྲུའི་མཛེས་ལྗོངས་བཅས་ཡིག་ཐོག་ལ་བཀོད་པ་ནི་ཆེས་དོན་སྙིང་ལྡན་པའི་མཛད་རྗེས་ཤིག་ཡིན་ཏེ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ་བོད་མི་རིགས་ཀྱིས་ལྷག་ཏུ་བརྗེད་མི་སྲིད།

ཁམས་ཕྱོགས་སུ་རིག་པའི་གནས་ལ་ཧུར་ཐག་གྱིས་འབད་པའི་བར་སྐབས་ཤིག་ལ་མི་འདོད་ནད་ཀྱིས་མནར་ཞིང་དེ་ནས་ཆབ་མདོ་རུ་སྨན་བཅོས་བྱས་དེ་ཡུན་རིང་བསྡད། ཡིན་ནའང་ཟིང་འཁྲུག་གི་རྐྱེན་གྱིས་དེ་རུ་ཁ་མི་འབྲལ་ཐུ་མེད་བྱུང་། དེ་ནས་ཡུལ་ཤུལ་དུ་ཆས་ཤིང་དེ་རུ་དགུན་ཟླ་ཧྲིལ་བོ་ཞིག་ལ་བསྡད། དེ་རུ་མོའི་ཁྱིམ་མཚེས་ཏེ་བོད་རིག་པའི་མཁས་པ་ཆོ་དྲི.ཕེ་ལེ་ལཱ乔治·佩雷拉(GeorgesPeireira)ལགས་ཀྱིས་དེའི་ཉེ་འཁོར་གྱི་རིན་ཐང་ལྡན་པའི་རི་ཆུ་ནགས་གསུམ་དང་ལོ་རྒྱུས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་ཏུ་སོང་ན་ཡག་པོ་ཡོད་ཚུལ་ཞུས་པས་མོས་ཀྱང་དེ་ལུགས་བྱས་ཏེ་དེ་གར་རྟོག་ཞིབ་བྱས།

ABUIABACGAAgz5KckQYo8Ju3GzDYBDizBA.jpg


དེ་གར་རྟོག་ཞིབ་བྱེད་པའི་ཞོར་དུ་དབུས་ལམ་(ལྷ་སར་བསྐྱོད་པའི་ལམ)ལའང་མཉམ་འཇོག་བྱ་ཤིང་། རྗེས་སུ་བོད་ལྗོངས་སྤོ་མེས་རྫོང་དང་རྒྱལ་མོ་དངུལ་ཆུའི་ནུབ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱས། དེ་གའི་བོད་དམག་གིས་མོའི་པར་ཆས་སོགས་མཐོང་བས་དེ་མུར་ཕྱིར་སྤྱུགས།

དེ་ནས་མོ་ཡང་བསྐྱར་མཚོ་སྔོན་ལ་ལྡོག་དགོས་བྱུང་། དེ་རུ་མཚོ་སྐྱ་རེངས་དང་སྔོ་རེངས་ལ་རྟོག་ཞིབ་བྱས་པ་མ་ཟད་ཉག་ཆུ་དང་རྨ་ཆུའི་མགོ་ཁུངས་ལ་ཞིབ་འཇུག་བྱས། 1922-1923ལོའི་དགུན་ཟླ་ཧྲིལ་བོ་ཞིག་གནས་དེ་རུ་བསྐྱལ། དེ་རུ་ཨ་མེ་རི་ཀའི་མཁས་པ་ལོ་ཁུ洛克དང་མཇལ་བ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོའི་རྗེས་རབས་པ་ཡིན་ཞེས་པའི་མི་ཞིག་ལའང་འཕྲད། རྗེས་སུ་པར་སྐྲུན་བྱས་པའི་༼གླིང་རྗེ་གེ་སར་རྒྱལ་པའི་ཁྱད་འཕགས་ཀྱི་མི་ཚེ་གཅིག་༽ཞེས་པ་དེའང་མི་འདི་དང་འབྲེལ་བ་ངེས་ཅན་ཡོད།

མོས་གེ་སར་སྒྲུང་ཡིག་འཚོལ་བསྡུ་དང་ལེགས་སྒྲིག ཡིག་སྒྱུར་བཅས་བྱས་པར་མ་ཟད། རྗེས་སུ་༼གླིང་རྗེ་གེ་སར་རྒྱལ་པའི་ཁྱད་འཕགས་ཀྱི་མི་ཚེ་གཅིག༽ཞེས་པའི་སྒྲུང་དཔེ་ཞིག་པར་བསྐྲུན་བྱས་ལ། འདི་ནི་ཕྱི་གླིང་གི་མཁས་པའི་ཁྲོད་གེ་སར་སྒྲུང་ལ་ཞིབ་འཇུག་བྱས་པ་ཐེངས་དང་པོ་ཡིན། ཕྱིས་སུ་ཧྲི་ཐེ་ཨན་སོགས་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་མཁན་གྱི་ཕྱི་གླིང་གི་མཁས་པ་མང་དུ་བྱུང་མོད་འདིའི་ཡར་སྔོན་ལ་མེད། མོས་བོད་ཀྱི་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པའི་སྒང་ལ་བོད་ནང་དུ་བདུད་འཇོམས་སྐུ་ཕྲེང་གཉིས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཚང་ནས་གེ་སར་རྒྱལ་པོའི་འཁྲུངས་འདས་ལོ་ཚིགས་ལ་རྟོག་ཞིབ་གནང་བའི་དུས་ལ་ཁེལ་ཡོད་པ་མ་ཟད། ཨ་ལགས་བདེར་གཤེགས་ཚེ་ཏན་ཞབས་དྲུང་ཚང་ནས་གེ་སར་རྒྱལ་པོ་དང་འབྲོམ་སྟོན་པ་གཉིས་ཀྱིས་པཎྜིཏ་སྨྲྀ་ཏི་ཛྙཱན་ཀཱིརྟི་ཚང་ངམ་དྲན་པའི་ཡེ་ཤེས་གྲགས་པ་ཚང་གི་དྲུང་དུ་སྒྲ་བསླབ་བོ་ཞེས་དོགས་དཔྱོད་གནང་དུས་ལའང་ཐག་ཉེ། མ་ཟད་གེ་སར་སྒྲུང་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་དགུ་རོང་རྒྱལ་སྲས་དང་། མདོ་རྩེ་ལྕགས་ལོ། རྗེ་དམུ་དགེ་བསམ་གཏན། དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱང་དཱ་ཝེ.ནེ་ཨར་དང་དུས་རབས་གཅིག་གི་ནང་བོད་ཀྱི་རིག་གནས་ལ་ཕྱག་རྗེས་བཞག་མྱོང་ངོ་། །

ABUIABACGAAgz5KckQYopIWUqAQwsgU48wM.jpg


དཱ་ཝེ.ནེ་ཨར་ལོ་ལྔ་བཅུ་ང་ལྔ་དང་ཡོན་ཏན་ལོ་ཉི་ཤུ་རྩ་བཞིར་སོན་པའི་ལོ་དེར། ཡང་བསྐྱར་སྟོད་ཉི་མ་ལྷ་སར་ཆས་ཤིང་། དེ་དུས་ཀྱི་མོ་ནི་དངོས་གནས་བོད་མོ་ཞིག་འདྲ་བོ་ཡོད་སྟེ། ཤ་མདོག་ཡང་སྨུག་པོ་ཆགས་ཤིང་བོད་ཆས་ཤིག་གྱོན་པས་དེ་བས་ཀྱང་འདྲ་ཆགས་པོ་བྱུང་། ལག་ཏུ་ཡོད་པའི་ཕྱོགས་སྟོན་འཁོར་ལོ་དང་ལག་འདོགས་ཆུ་ཚོད། མེ་མདའ། པར་ཆས་སོགས་གཞན་གྱིས་མི་མཐོང་བར་བྱས་ཏེ་སོང་། ལམ་དུ་དབུས་མཇལ་བ་སྐོར་ཞིག་ལ་འཕྲད་པས་མཇལ་བར་བརྫུས་ཏེ་མཉམ་དུ་སོང་། གཞན་གྱིས་དོ་སྣང་མི་བྱ་ཆེད་ཨ་སྐྱོ་བའི་ཉམས་བྱས་ཏེ་ཟས་ཆུ་ཟ་མ་སོགས་ཀྱང་གཞན་ལ་བསླངས་ནས་ལྟོ་འཁྱོལ་ཐབས་བྱས། 1923ལོའི་དགུན་ཁ་དེར་ཟ་འཐུང་ལའང་དཀའ་ཁག་ཆེན་པོ་བྱུང་ཞིང་ཡེ་ཤུའི་འཁྲུངས་སྐར་ཉིན་གོ་ལྷམ་གྱི་ཡུ་བ་བཙོས་ཏེ་ཡེ་ཤུའི་འཁྲུངས་སྐར་བསུས། དཀའ་སྡུག་གི་འཚོ་བ་རོལ་ཞོར་འཇོ་མདའ་དང་ཆབ་མདོ་བརྒྱུད་དེ་ལྷ་སར་ཐོན།

ལྷ་སར་ཐོན་རྗེས་ཉེན་ཁ་ལས་གཡོལ་ཆེད་བསམ་བཞིན་སྤྲང་གོག་གི་ཉམས་བྱས། མོས༼ལྷ་སར་བསྐྱོད་པ།༽ཞེས་པའི་དེབ་ཏུ་འདི་ལྟར་བྲིས་ཡོད་དེ། འདི་རུ་དབྱིན་ཇིའི་ཚོང་ཚབ་པ་དཱ་བེ.མེ་ཁུ་ཐང་ན大卫·麦克唐纳ལ་འཕྲད་ཅིང་ས་མཐའ་ནས་འཕྲད་པའི་ཨོ་གླིང་གི་མི་ཐོག་མ་ཡིན། རང་གི་ཐོབ་ཐང་ངོ་མ་གསང་ཆེད་གང་འདོད་དུ་པར་ལེན་མ་ཕོད་ལ། ཤིན་ཏུ་རྩ་ཆེ་བའི་པར་མང་པོ་ལེན་མ་ཐུབ་པས་སེམས་ཤིན་ཏུ་ཕངས་ཞེས་པའོ། །

1924ལོའི་ཟླ་བཞི་བའི་ཟླ་སྟོད་ལ་ལྷ་ས་དང་ཁ་བྲལ་ཞིང་ཡོན་ཏན་བླ་མ་དང་མཉམ་དུ་འཇོ་མདའ་ལ་ཐོན། དབྱིན་ཇིའི་རིག་གཞུང་སྨྲ་བ་མཱེ་ཁུ་ཐང་ན་ལ་མཇལ། ཁོ་པའང་བོད་ཀྱི་རིག་གནས་ལ་དགའ་མོས་ཚད་མེད་བྱེད་མཁན་ཞིག་ཡིན་པ་དང་། སྔོན་དུས་སུ༼བོད་ནང་ལོ་ཉི་ཤུ༽ཞེས་པ་པར་སྐྲུན་བྱས་མྱོང་། དེ་གར་མཱེ་ཁུ་ཐང་ན་ལགས་ཀྱིས་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་རོགས་ཆེན་པོ་བྱས།

རྗེས་སུ་བོད་ནང་དུ་ལག་སོན་བྱུང་བའི་པར་དང་དེབ་ཆ་ཚང་ཁྱེར་ཏེ་ཕྱིར་ཕ་ཡུལ་དུ་བསྐྱོད་པར་གྲ་སྒྲིག་བྱས་ཤིང་། ཐོག་མར་རྒྱ་གར་ལ་སོང་། དེ་དུས་ཀྱི་མོ་རང་ཤར་ཕྱོགས་རིག་པའི་ཆེད་མཁས་པར་གྱུར་ཡོད་པས། ཧཱ་ཧྲིན་ཏོན་གྱི་ས་ཁམས་རིག་པའི་མཐུན་ཚོགས་ཀྱིས་མོར་རྩ་ཆེ་བའི་པར་རིས་ལྔ་བཅུ་བསླངས་ཤིང་། དེ་གའི་དཔེ་སྐྲུན་ཁང་ཞིག་གིས་མོའི་བོད་བསྐྱོད་ཟིན་བྲིས་པར་སྐྲུན་བྱེད་རྒྱུ་ཁས་བླངས།

1924ལོའི་ཟླ་ལྔ་བའི་ཚེས་བཅུ་ཉིན་མོ་ལོ་ངོ་སུམ་བཅུ་སོ་གསུམ་རིང་གི་འཁྱམ་ཉུལ་གྱི་འཚོ་བ་མཇུག་བསྡུས་ཏེ་ཕ་ཡུལ་དུ་འབྱོར་ཞིང་། བྲལ་ནས་ཡུན་རིང་འགོར་བའི་ཕ་ཡུལ་ཀྱི་པང་ལ་ལོག་ཐུབ་པ་བྱུང་། དེ་གའི་མི་དམངས་ཀྱིས་དཔའ་བོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་པ་ལྟ་བུའི་དགའ་བསུ་བྱས། དོན་དངོས་སུ་བཤད་ནའང་མོ་ནི་རིག་པའི་དཔའ་བོ་ཞིག་ཡིན་ཤག་ཤག

མོས་བརྩམས་པའི་དེབ་ནི་རྒྱལ་ཁབ་སྣ་མང་གི་ཡིག་རིགས་ལ་བསྒྱུར་ཞིང་ཧྥ་རན་སིའི་རིག་གཞུང་བྱ་དགའ་སྣ་མང་ཐོབ་པ་མ་ཟད། མོའི་མཚན་སྙན་གྲགས་ནི་དབྱར་གྱི་མཚོ་བཞིན་རྒྱས། རིག་གཞུང་སྨྲ་བའི་སྡེ་དང་སློབ་ཆེན་ཁག་གི་གདན་ཞུའི་མི་སྣ་གཙོ་བོར་གྱུར། མོས་འདི་གའི་གདན་ཞུའི་ཡི་གེ་རྣམས་དེ་ལུགས་སུ་དང་ལེན་བྱས་ཤིང་། དེའི་ཞོར་ལ་མུ་མཐུད་རྩོམ་འབྲི་བར་ཤུགས་བརྒྱབ། 1926ལོའི་ཟླ་དྲུག་པར༼ལྷ་སར་བསྐྱོད་པ༽པར་སྐྲུན་བྱས། དེ་མུར་དབྱིན་ཡིག་ལ་བསྒྱུར་ཏེ1927ལོར་ལོན་ཏོན་དང་ཉིག་ཡོག་ནས་པར་སྐྲུན་བྱས། མ་ཟད་འཇར་མན་དང་ཧཱི་ལན། སི་ཕན་བཅས་ཀྱི་འགྱུརའང་སྔ་རྗེས་སུ་ཐོན། པཱ་ལི་གྲོང་ཁྱེར་ནས་ཆེད་དུ་མོར་དབང་བའི་བཤམས་སྟོན་ཁང་ཞིག་བསྐྲུན། དེ་ལྟར་དཱ་ཝེ.ནེ་ཨར་ཧྥ་རན་སིའི་སྐད་གྲགས་ཆོད་པའི་མི་སྣ་གལ་ཆེན་དུ་གྱུར། ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཇ་ཟི.ཏུའུ་མེ་ལོའང་加斯·杜梅格མོའི་ཀློག་པ་པོར་གྱུར་ཞིང་རྩོམ་སྐུལ་ཡང་ཡང་བྱས། མོས་ཀྱང་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར༼སྐུ་དྲག་དང་ཇག་པའི་ས་ཆ༽༼བོད་ཀྱི་འཐུ་ཆས་དང་གསང་བ༽སོགས་འཕྲོ་རིམ་འཕྲོར་པར་སྐྲུན་བྱས།

མོའི་ཤུགས་རྐྱེན་འོག་ཧྥ་རན་སིར་བོད་རིག་པར་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། དཱ་ཝེ.ནེ་ཨར་ཞེས་པའི་མིང་འདི་གོ་མ་མྱོང་མཁན་མེད་པ་ལྟ་བུ་ཆགས། མོའི་བུ་སྐལ་ཡོན་ཏན་དང་མཉམ་དུ༼ལྔ་རིག་བླ་མ༽1934.7ཞེས་པའི་དེབ་ཅིག་བརྩམས་པས་ཀུན་གྱི་བོད་སྐད་ཡིག་གི་གྲུབ་པ་ཐོབ་མཁན་དཱ་ཝེ.ནེ་ཨར་ཞེས་རླུང་ལྟར་གྲགས།

༼བརྩེ་བའི་གྲུབ་རྟགས་དང་རྫུ་འཕྲུལ༽ཞེས་པའི་བོད་འབྲེལ་བརྩམས་སྒྲུང་ཤིག་ཀྱང་བརྩམས་ཤིང་། རྗེས་སུ་མིང་ལ༼སྤྲོ་སྣང་དང་རྫུ་འཕྲུལ།༽ཞེས་བཅོས། དེའི་ནང་དུ་བོད་ཀྱི་བུ་མོ་ཞིག་དང་ཇག་པ་ཞིག་གི་བརྩེ་དུང་གཏམ་རྒྱུད་བརྗོད་ཡོད་པ་དང་། 1937ལོའི་ཟླ་བརྒྱད་པའི་ཚེ་བཅུ་བཞི་ཉིན་པར་སྐྲུན་བྱས། སྐབས་དེར་མོའི་བརྩམས་ཆོས་ནི་དཔེ་ཁང་ཀུན་དུ་བྲིན་ཆེ་བའི་རིགས་ཡིན་ཞིང་། ཀུན་གྱིས་འཛམ་གླིང་ཤར་ཕྱོགས་ཀྱི་ས་ཡི་ཐིག་ལེ་ན་གདོང་དམར་བོད་ཞེས་པའི་མི་རིགས་ཤིག་ཡོད་པ་གཞི་ནས་རྟོགས།

ད་ལྟའི་མོ་རང་སྔོན་ཆད་ལས་ཀྱང་བོད་ལ་དུང་བ་ཟབ་པར་གྱུར་ཞིང་། དེ་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མར་ཡང་བསྐྱར་ཕ་ཡུལ་ལྟ་བུའི་གནས་དེར་འགྲོ་བར་གྲ་སྒྲིག་བྱས། ལོ་དེར་མོ་རང་ཡང་བསྐྱར་ཀྲུང་གོའི་པེ་ཅིན་དུ་ཆས་ཤིང་། དེ་རུ་བཀྲ་ཤིས་ལྷུན་པོའི་བླ་མ་དང་མཇལ། མོས་པཎ་ཆེན་ལ་བཀྲ་ཤིས་ལྷུན་པོའི་བླ་མ་ཞེས་འབོད། སྐབས་དེར་ཀྲུང་གོའི་ནང་དུ་འཇར་པན་བས་བཙན་འཛུལ་བྱེད་སྒང་ཡིན་མོད། དེ་ལྟ་ནའང་མོ་རང་སྔར་བཞིན་བོད་ནང་དུ་ཐེངས་གཅིག་འགྲོ་ཐུབ་ན་ཅི་མ་རུང་སྙམ་སྟེ་ཉེན་ཁའི་དོན་ལ་སེམས་ཁྲལ་གང་ཡང་མ་བྱས། རི་བོ་རྩེ་ལྔ་བཅས་ལ་མཇལ་སྐོར་ཐེངས་གཅིག་བྱས་རྗེས་ཁྲོང་ཆིན་དང་ཁྲིན་ཏུའུ་བཅས་བརྒྱུད་ཁམས་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ། 1937ལོའི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་བཅུ་གསུམ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་པ་ཐོས་འཕྲལ་སེམས་རབ་ཏུ་སྡུག་ཅིང་། ཡང་བསྐྱར་སྟོད་ཉི་མ་ལྷ་སར་འགྲོ་བར་སེམས་ཐག་བཅད། དར་རྩེ་མདོ་ལ་ཐོན་དུས་ཡ་ང་བའི་དམག་འཁྲུག་གི་མགོ་བརྩམས་ཤིང་། དེ་བས་ལོ་དྲུག་ལྷག་ལ་དར་རྩེ་མདོ་རུ་ལུས། 1938-1944ལོ་དར་རྩེ་མདོ་ན་ཡོད་དུས་རྒྱུན་པར་ཕ་ཡུལ་ཕྱོགས་ཀྱི་གསར་འགྱུར་ལ་དོ་སྣང་བྱས་ཤིང་། ཞོར་ལ་དཔེ་ཀློག་དང་གསར་རྩོམ་གྱི་ལུས་ལ་དུས་གཅིག་དུ་འབད། ཐེངས་འདིར་ནད་གཞི་སོགས་ཀྱི་རྐྱེན་གྱིས་ལྷ་སར་འགྲོ་མ་ཐུབ་མོད་། ཡིན་ནའང་བོད་ཡུལ་ནས་སྡོད་ཐུབ་པ་བྱུང་བས་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ། དགུང་ལོ77ལ་བུད་པའི་ལོ་དེར་འདི་གའི་གྲོགས་པོ་རྣམས་ལ་བདེ་མོ་བཞག་སྟེ་ཕྱིར་རང་ས་རང་ཡུལ་དུ་ཆས།

ཕ་ཡུལ་དུ་འབྱོར་རྗེས༼ཀྲུང་གོའི་ནུབ་རྒྱུད་ཀྱི་ས་རབ་རིབ༽དང་༼ཧི་མ་ལ་ཡའི་པང་བ་རུ།༽ ༼ངས་རྒྱ་གར་ནས་འཚོ་བ་རོལ་དུས།༽(དཔེ་ཆ་འདི་ནི་དགེ་འདུན་ཆོས་འཕེལ་ཚེ་ལས་འདས་པའི་ལོ་དེར་པར་སྐྲུན་བྱས།) སོགས་བྲིན་ཆེ་བའི་དཔེ་ཆ་སྐོར་ཞིག་བརྩམས།

1955ལོར་ཡོན་ཏན་བླ་མ་ཚེ་ལས་འདས་ཤིང་། སྐབས་དེར་མོ་དགུང་ལོ་བརྒྱད་ཅུ་གྱ་བདུན་ཡིན། 1955~1958ནི་དཱ་ཝེ.ནེ་ཨར་གྱི་ཁེར་རྐྱང་གི་ལོ་ཟླ་ཟེར་ཞིང་མོའི་འདུག་རོགས་བུད་མེད་མཁས་པ་མཱ་དིག་ལེན.ཕེ་ལོ་ནཱ玛德玲·佩罗娜ཡིས་བྲིས་པའི་༼དཱ་ཝེ.ནེ་ཨར་གྱི་མི་ཚེའི་མཐའ་འཇུག་གི་ལོ་ངོ་བཅུ།༽ཞེས་པའི་ནང་སྐབས་དེ་དུས་ཀྱི་དོན་དག་མཐའ་དག་བྲིས་ཡོད་དེ། མཱ་དིག་ལེན.ཕེ་ལོ་ནཱའི་རོགས་རམ་འོག༼གཏན་དུ་འཚོ་བ་དང་ཡང་སྲིད༽ཞེས་པའི་དེབ་ཅིག་བརྩམས་ཤིང་དེ་རུ་བོད་བརྒྱུད་ནང་བསྟན་ཀྱི་སྤྲུལ་སྐུའི་སྐོར་ལ་ཞིབ་འཇུག་བྱས་ཡོད།

མོ་རང་དགུང་ལོ་དགུ་བཅུ་གོ་བརྒྱད་ཀྱི་སྐྱེས་སྐར་ཉིན་ཡི་གེ་འདི་འདྲ་ཞིག་བྲིས་མྱོང་སྟེ། ངའི་སྲོག་རྟ་རྔ་ལྟ་བུ་འདི་བྱང་ཐང་དུ་འཐིམ་ན་འགྲིག་ཨང་། བོད་ཡུལ་གྱི་གངས་རི་དང་རྩྭ་ཐང་གི་པང་བ་རུ་ཚེ་སྲོག་གི་མཆོད་པ་འབུལ་ཐུབ་ན་དེ་ནི་ཇི་འདྲིའི་རླབས་ཆེ་ཞིང་དོན་སྙིང་ལྡན་པའི་དོན་དག་ཤིག་རེད་ཨང་།

1969ལོའི་ཟླ9བའི་ཚེས8ཉིན་ཏེ་རེས་གཟའ་དང་པོའི་ནམ་གུང་ཆུ་ཚོད་གསུམ་དང་སྐར་མ་བཅོ་ལྔའི་སྟེང་བོད་ཀྱི་རིག་གཞུང་གི་དོན་དུ་ལུས་སེམས་བསྟིམས་པའི་དཔའ་མོ་དཱ་ཝེ.ནེ་ཨར་གྱི་དགོངས་པ་ཆོས་དབྱིངས་སུ་འཐིམ། མོའི་མཛད་རྗེས་ནི་རི་བོ་ཇོ་མོ་གླིང་མ་བཞིན་མཐོ་ཞིང་བརྗིད་ལ། བོད་ཕྱི་རབས་པ་ཀུན་གྱིས་མོའི་བཀའ་དྲིན་དུས་ནམ་ཡང་བརྗེད་དུ་མེད།