སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ལ་དཔྱད་པ།47
发表时间:2022-03-08 16:27 སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ལ་དཔྱད་པ། རྩོམ་པ་པོ། རྡོ་རྗེ་ཁྱུང་གྲགས། 【རྩོམ་གྱི་གོ་རིམ་ཨང་སྒྲིག】1002-946X(2008)04-123-07 སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ནི་བོད་ལ་སྐུ་དྲིན་ཆེ་བའི་ཨ་ཙརྱ་རྣམ་གསུམ་གྱི་གྲས་ཤིག་ཡིན་པ་མཁས་དབང་དུང་དཀར་ཚང་གིས། “བོད་ལ་གསང་སྔགས་ཀྱི་ཆོས་ཐོག་མར་སྤེལ་མཁན་ནི་སློབ་དཔོན་པད་མ་འབྱུང་གནས་ཡིན་པ་དང་། དེའི་རྗེས་སུ་པཎ་ཆེན་བི་མཱ་ལ་བྱུང”[1] ཞེས་གསུངས་པ་ནི་ཤིན་ཏུ་མད་པར་འདུག བོད་ཀྱི་ནང་བསྟན་བྱུང་རིམ་གྱི་ལོ་རྒྱུས་ཁྲོད་ན་གནས་བབས་གལ་ཆེན་ཟིན་ཡོད་པའི་སློབ་དཔོན་ཆེན་པོ་ཁོང་ཉིད་ཀྱི་རྣམ་ཐར་ལ་ཞིབ་ཏུ་དཔྱད་པ་གཏོང་དོན་ནི་གསང་སྔགས་སྔ་འགྱུར་རྙིང་མའི་འགོ་ཁུངས་འཚོལ་བ་དང་། དེའི་འཕེལ་རྒྱས་དང་ལྟ་གྲུབ་ཀྱི་རྣམ་གཞག་སོགས་ལ་གསལ་ཁ་ཡོང་སླད་ཡིན། ད་ཕན་སློབ་དཔོན་པད་མ་འབྱུང་གནས་སྐོར་གྱི་ཆེད་རྩོམ་ཉུང་ཟད་རེ་སྤེལ་ཡོད་ཀྱང་། དེ་དག་ལས་ལ་ལ་ཞིག་བསྡུས་དྲགས་པ་དང་། ལ་ལ་ཞིག་ལ་གཏེར་ཆོས་ཁྲོད་ཀྱི་ལོ་རྒྱུས་ཁག་འདྲ་བཤུས་བྱས་པ་ལྟ་བུའི་སྐྱོན་སོགས་འདུག་པས། ཁོ་བོས་མ་བརྟག་ཉམས་དགའ་དང་དད་ཞེན་རྨོངས་ཞེན་གང་གི་ཕྱོགས་སུ་མི་ཡོ་བར་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་གུང་བསྒྲིགས་ནས་གཟུ་བོར་གནས་པའི་ལམ་ནས་དཔྱད་པར་བྱའོ། ། རིག་འཛིན་ཆེན་པོ་པད་མ་འབྱུང་གནས་ཀྱི་འཁྲུངས་ལོའི་དུས་ཚོད་གསལ་ཐག་ཆོད་པོ་ཞིག་ཞུ་ཐབས་མེད་མོད། འོན་ཀྱང་རྒྱ་བོད་ཀྱི་མཁས་པ་མང་པོས་དུས་རབས་བརྒྱད་པའི་ནང་འཁྲུངས་པར་ངོས་འཛིན་བྱེད། འཁྲུངས་ཚུལ་ལ་བརྫུས་སྐྱེས་སུ་འདོད་པ་དང་མངལ་སྐྱེས་སུ་འདོད་མཁན་གཉིས་ཡོད་ལ། བརྫུས་སྐྱེས་སུ་འདོད་མཁན་ཤིན་ཏུ་མང་ཞིང་དེ་དག་གིས་ཨོ་རྒྱན་ཡུལ་གྱི་ནུབ་བྱང་གི་མཚམས་སུ་འཁྱིལ་བའི་དྷ་ན་ཀོ་ཤའི་མཚོ་ནང་ནས་པད་མའི་སྡོང་པོ་ལས་འཁྲུངས་པར་འདོད་དེ། 《རྒྱལ་པོ་བཀའི་ཐང་ཡིག》ལས། “སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཏེ། །ལྷོ་ནུབ་ཨུ་རྒྱན་རྒྱ་མཚོ་གསེར་གྱི་གླིང་། །རིན་ཅེན་ཆུ་གླིང་པད་མའི་སྡོང་པོ་ལ། །མངལ་གྱིས་མ་གོས་པད་མའི་སྐྱེས་བུ་འཁྲུངས། །”[2]ཞེས་པད་སྡོང་ལས་འཁྲུངས་པར་བཤད་ཡོད་ལ། གཞན་དུ་ཨུ་དུམྦ་རའི་ཚལ་དུ་འཁྲུངས་པར་འདོད་པ་ཡང་ཡོད་དེ། 《ལྷ་འདྲེ་བཀའི་ཐང་ཡིག》ནང་། “སྐུ་མཆོག་སྐུ་ཡི་མཚན་མཆོག་པད་མ་འབྱུང་། །ཡབ་མེད་ཡུམ་མེད་ཨུ་དུམྦ་རའི་ཚལ། །”[3] ཞེས་ཀྱང་འདུག་པ་དེ་ནི་མེ་ཏོག་ཨུ་དུམྦ་ར་མཆོག་སངས་རྒྱས་འབྱོན་པ་དང་དུས་མཉམ་དུ་འཁྲུངས་པར་བཤད་པའི་མེ་ཏོག་ཆེས་དཀོན་པོ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་གཏེར་འདོན་མཁན་ཚོས་བཟོ་བཅོས་སམ་བཅོས་ལྷད་རེ་བཏང་བ་འདྲ། དད་ཞེན་ཅན་ཚོས་དགོས་དབང་དང་དག་སྣང་གཙོར་བྱས་ནས་དོན་དངོས་ཁྱད་གསོད་ཀྱིས་སེང་རས་གཡོགས་པའི་ཚུལ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་པས། འདིར་ཡང་ཁོང་ཉིད་པད་མའི་རིགས་ཀྱི་ལྷ་ཚོགས་ཀྱི་རིགས་བདག་སྣང་བ་མཐའ་ཡས་སམ་མགོན་པོ་འོད་དཔག་མེད་ལས་བཀྱེས་པའི་སྤྲུལ་པའི་སྐུ་ཡིན་པར་གྲགས་པ་ལ་ཆེ་བརྗོད་ཀྱི་ཚུལ་དུ་པད་སྡོང་ལས་འཁྲུངས་པར་སྒྲོ་བཏགས་པར་ངེས། དེའི་ཁུངས་ནི་གཏེར་མ་རྣམས་ཡིན་ལ། གཏེར་སྟོན་ཚོས་དེ་ལྟའི་ཁུངས་ཤིག་གང་ནས་རྙེད་སྙམ་ན། དེ་ནི《བཀའ་ཐང་ཤེལ་བྲག་མ》དང་སྒོས་སུ《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་བཞུགས་གནས་གླེང་སྐབས་འདི་ལྟར་ཡོད་དེ། “རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་མཚོ་གླིང་། མཚོ་ཀུ་ཏྲའི་འགྲམ། དུར་ཁྲོད་གསེར་གླིང་ཧེ་ཆེན་གདལ་བའི་འདབ། རྡོ་རྗེ་གླིང་ཕུག་གི་གནས། རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན། སྤྲུལ་བའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ”[4]ཞེས་དགའ་རབ་རྡོ་རྗེའི་བཞུགས་གནས་དེའི་ཁར་པད་མའི་སྡོང་པོ་ལས་འཁྲུངས་པ་ཞེས་བསྣན་ཏེ་སློབ་དཔོན་པད་འབྱུང་གི་འཁྲུངས་གནས་གྲུབ་པར་མངོན་ལ། དེ་ལྟར་བྱེད་དོན་ནི་ཆོས་ལུགས་དང་གྲུབ་མཐའ་ཁག་གི་སྲོལ་འབྱེད་པ་གང་ཞིག་ཡིན་ཡང་ལྷ་སྒྲུང་མཚར་ལ་རིང་བ་ཞིག་ཏུ་འབྲི་བཞེངས་བྱེད་པའི་མིའི་རིགས་ཀྱི་སྤྱི་གཤིས་སམ་ཡང་ན་དཔེ་ལུགས་དེ་ནར་མར་རྒྱུན་བསྐྱངས་པས་ཡིན། ཆོས་ལུགས་རིག་པའི་གཞུང་ལྟར་ན་ཆོས་ལུགས་དང་གྲུབ་མཐའ་ཁག་གི་སྲོལ་འབྱེད་མཁན་གང་ཞིག་ཡིན་ཡང་མིའི་གྲས་ཀྱི་སྐྱེས་བུ་ཁྱད་པར་ཅན་དུ་ངོས་བཟུང་ནས་དེ་དག་གི་རྣམ་ཐར་རྩོམ་འབྲི་བྱེད་དགོས་པ་ལས་ལྷ་སྒྲུང་གི་རྣམ་པའི་འབྲི་བཞེངས་བྱེད་པའི་དཔེ་སྲོལ་མི་འདུག་ཅིང་། རིག་གཞུང་དཔྱད་གླེང་གི་ངོས་ནས་ཀྱང་ཐུན་མོང་གི་སྣང་ཚོད་གཙིགས་སུ་འཛིན་དགོས་པས། ཁོ་བོ་ཡང་དྲང་པོའི་ལམ་དུ་ཞུགས་ནས་སློབ་དཔོན་ཁོང་ཉིད་མངལ་སྐྱེས་ཡིན་པར་ཁ་ཚོན་བཅད་ནས་དེའི་ཚུལ་རྣམས་ཅུང་ཟད་གླེང་བར་བྱ་སྟེ། “ཕྲིན(འཕྲིན)ལས་ཕུར་པའི་ཆོས་འདི་སྤེལ་བའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱི་སེམས་ཅན་རྫུས་སྐྱེས་ཀྱིས་མི་ཐུབ་པས། སངས་རྒྱས་རྣམས་ཀྱང་མངལ་འཛིན་པའི་ཚུལ་སྟོན་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་ཞུགས་པའི་ཚུལ་བསྟན་པས། རྒྱ་བོད་གཉིས་སུ་སློབ་དཔོན་གྱི་ཆོས་གཞན་ལས་ཕུར་པ་དར་ཆེ་ཞིང་འདིའི་སྒོ་ནས་གྲོལ་བ་ཐོབ་པ་དང་། གྲུབ་པ་བརྙེས་པ་བྱོན་པའི་རྣམ་གྲངས་བརྗོད་ཀྱིས་མི་ལངས་པའི་རྒྱུ་མཚན་དེ་ཡིན་ནོ། །”[5] 《བདུད་འཇོམས་ཆོས་འབྱུང》དུ“ཕུར་པ་བཀའ་མའི་ལོ་རྒྱུས་དང་འཕགས་ཡུལ་ཁ་ཅིག་ཏུ་ཨོ་རྒྱན་ཀྱི་རྒྱལ་པོའམ་བློན་པོ་ཞིག་གི་སྲས་སུ་འཁྲུངས་པར་བཤད”[6]ཅེས་པ་ལྟར། ཨཽ་ཌི་ཡཱ་ནའམ་འཕུར་འགྲོའི་གླིང་སྟེ་ཨོ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པར་ངེས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་དེང་སྐབས་དབྱི་རན(伊朗)དང་། ཨ་ཧྥུ་གྷི་ནེ་སི་ཐེན།(阿富汗) པ་ཀེ་སི་ཐེན(巴基斯坦)སོགས་སུ་ངོས་འཛིན་བྱེད་ཀྱིན་ཡོད་མོད། དེ་དག་ལ་རྒྱུ་མཚན་གསལ་ཁ་དོད་པོ་ཞིག་མི་འདུག་ལ་ཕལ་ཆེར་འོལ་ཚོད་བྱས་པར་ངེས། 《རྒྱ་གར་གྱི་མཐོ་རིམ་ལོ་རྒྱུས》ཐོག་གི་ས་ཁྲ་གཞིར་བཟུང་ནས་དཔྱད་ན། དེ་ནི་དུས་རབས་བར་མའི་རྒྱ་གར་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་ཆགས་ཡོད་ལ་ད་ལྟའི་པ་ཀེ་སི་ཐེན་དང་ཅུང་ཁད་ཐག་ཉེ་བའི་ཡུལ་ཕྲན་ཨཽ་ཌི་ཡཱ་ན(邬阇衍那)ཞེས་པ་དེ་རེད་ལ། དེང་དུས་རྒྱ་གར་གྱི乌代布尔(udai pur)ཞེས་པ་ཡིན་པ་འདྲ། 乌代布尔དེ་ཡང་དེ་སྔའི་ཨོ་ཏྱནྟཔུ་རི་ཞེས་པ་དེ་ཨེ་ཡིན་སྙམ་སྟེ། དེ་གཉིས་ཀྱི་སྒྲ་ཅུང་ཉེ་ལ་ཡུལ་ཡང་ཨཽ་ཌི་ཡཱ་ན་དང་ཁད་ཐག་ཤིན་ཏུ་ཉེ་བས་དེ་ལྟར་བསམས་ལ། བསམ་ཡས་གཙུག་ལག་ཁང་གསར་བཞེངས་ཀྱི་དཔེ་ལྟ་ས་ཡང་ཨོ་ཏྱནྟ་པུ་རི་དེ་ཡིན་ལ། སློབ་དཔོན་པད་འབྱུང་གིས་ཀྱང་རང་ཡུལ་གྱི་ལྷ་ཁང་ལ་གསལ་ཁ་ཆེ་ལུགས་ཀྱིས་ཁོང་གིས་བཀོད་ཁྱབ་འོག་བོད་ཡུལ་དུ་ཡང་དེ་ལྟའི་ལུགས་ཀྱི་ལྷ་ཁང་བཞེངས་པར་ངེས་པས། ཨོ་ཏྱནྟ་པུ་རི་ནི་ཨཽ་ཌི་ཡཱ་ནའི་ཡུལ་ལུང་བྱེ་བྲག་ཅིག་ཡིན་པ་དང་། སློབ་དཔོན་ཁོང་གི་འཁྲུངས་ཡུལ་ཡང་ཡུལ་དེ་ཡིན་པར་སྙམ། གང་ལྟར་ད་ལྟའི་རྒྱ་གར་ལྷོ་ནུབ་ཕྱོགས་དང་དེ་སྔའི་རྒྱལ་ཕྲན་ཞིག་སྟེ་ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་ཉིད་སྐུ་འཁྲུངས་པར་ངེས། ཡབ་ཀྱི་སྐོར་ལ《སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་ལུགས》ན། “ཡུལ་དེ་རྒྱལ་རིགས་རིག་པ་སྨྲ་བ་པོ་དཀོན་མཆོག་གསུམ་བླ་མར་བྱེད་པ་སྲ་དོ་ཞེས་བྱ་བ་དེ་ནི་ཨཽ་ཌི་ཡཱ་ནའི་སྐད་ཀྱི་མིང་སྟེ། རྒྱ་གར་སྐད་དུ་ན་སྲིག་དྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཞེས་བྱ་བ་ཡོད་དོ། །དེ་ལ་སྲས་མཚན་དང་ལྡན་པ་ཁ་དོག་དཀར་ལ་དམར་བ། སྲིན་ལག་ལ་པད་མའི་རི་མོ་ཡོད་པ། པད་མ་རྒྱས་པ་ལྟ་བུའི་མིག་དང་མཆུ་སྒྲོས་ཅན། པད་མ་ཨུཏྤལ་ལྕགས་ཀྱུ་ཞགས་པ་ལ་སོགས་པ་ཤ་མཚན་དགེ་བའི་ལྟས་དུ་མ་ཡོད་པ་ཞིག་བཙས་ཏེ”[7]ཞེས་དང“པད་མའི་རིགས་ཀྱི་མཚན་ཉིད་ཐམས་ཅད་ཚང་བས་ན་འོད་དཔག་མེད་པས་བྱིན་གྱིས་རློབ་པར་འགྱུར་རོ། །དེའི་ཕྱིར་མིང་ནི་པད་མ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པད་མ་བ་བྷི་སི་ཞེས་ཐོགས་ཤིག་ཟེར་བ་ལྟར་བྱས་སོ། །”[8]ཞེས་པད་མའི་རིགས་ཀྱི་མཚན་རྟགས་ཚང་བ་ཅན་ཞིག་ཡིན་འདུག་ལ། 《ཕུར་པའི་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས》ན། “ཨོ་རྒྱན་གྱི་ཡུལ་ན་སྲིད་སྐྱོང་བའི་རྒྱལ་པོ་མ་ནུ་སི་ཏ་བྱ་བའི་བུ་དཱ་ན་རཀྵི་ཏ་ཞེས་ཀྱང་བྱ། ཤཱནྟ་རཀྵིཏ་བྱ་བ་ཁ་དོག་དཀར་ལ་དམར་བའི་མདངས་ལྡན་པས་པད་མའི་རིགས་ཀྱི་མཚན་དང་ལྡན་ཞིང་། སྒྱུ་རྩལ་ཐམས་ཅད་རྫོགས་པ་མགོ་དང་སྐེད་པ་རྒྱ་མདུད་རོ་སྟོད་ཅུམས་གཞོགས། མི་སྡུག་པ་ཕུར་པའི་མཚན་ཉིད་ཅན་ཞིག་སྐྱེས་སོ། །”[9]ཞེས་སྔ་གཞུག་གཉིས་ཀ་གུང་བསྡུར་ཏེ་དཔྱད་ན། རྒྱལ་རིགས་ཀྱི་རྒྱུད་དུ་འཁྲུངས་ཤིང་ཡབ་ཀྱི་མཚན་ལ་སྲ་དོའམ་མ་ནུ་སི་ཏ་ཞེས་འབོད་ཅིང་། པད་མའི་རིགས་ཀྱི་ཤ་མཚན་དགེ་བའི་ལྟས་དུ་མ་དང་ལྡན་ཞིང་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཡིན་ངེས་སུ་འདུག་ལ། དེ་ཡང་རང་རང་གི་སྒྲུབ་བརྒྱུད་ཀྱི་ཁུངས་སྟོན་པའི་སྐྱེས་ཆེན་ཚོའི་བྱད་གཟུགས་ཁྱད་མཚར་ཅན་དུ་བྱེད་པ་ནི་ཆོས་ཀྱི་ཆེ་བ་འདོན་པའི་སླད་དུ་ཡིན་ནོ། ། ཁོང་གི་མཚན་གྱི་རྣམ་གྲངས་ལ་མང་དུ་ཡོད་པ་དེ་དག་ནི་ཆུང་དུས་ཀྱི་བྱ་བྱེད་རྩིང་པོ་ནས་ཉམས་རྟོགས་ཀྱི་ཀློང་བརྡོལ་ནས་གྲུབ་པའི་སར་གཤེགས་པའི་བར་གྱི་བྱེད་སྟངས་སྤྱོད་སྟངས་ལ་བརྟེན་ནས་བཏགས་པར་མངོན་པ《ལྷོ་བྲག་ཆོས་འབྱུང》དུ། ཁོང་གི་མཚན་གྱི་རྣམ་གྲངས་ལ“སྲིན་པོ་ཤ་ན་རཱཀྵ(ཤཱནྟ་རཱཀྵ)”དང“རྡོ་རྗེ་དྲག་པོ་རྩལ།” “ཤཱཀྱ་སེང་གེ” “བློ་ལྡན་མཆོག་སྲེད།” “པད་མ་འབྱུང་གནས་དང་པད་མ་སམ་བྷ་ཝ།” “པད་མ་ཐོད་ཕྲེང་རྩལ།” “པད་མ་རྒྱལ་པོ།” “སེང་གེ་སྒྲ་སྒྲོག” “རྡོ་རྗེ་གྲོ་ལོད”སོགས་མང་དུ་བགྲངས་ཡོད་ལ། 《སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་ལུགས》ན། “རབ་ཏུ་བྱུང་བའི་མཚན་པད་མ་ཨཱ་ཀ་ར་སྟེ་པད་མ་འབྱུང་གནས། དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན། པད་མ་སམ་བྷ་ཝ་སྟེ་པད་མ་འབྱུང་ལྡན། སྔོན་དུས་ཨོ་རྒྱན་གྱི་སྐྱེ་བོས་བླ་བཏགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པད་མ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེས་མཚན་པའི་པད་མ་རྒྱས་པའི་རི་མོ་ཡོད་པས་སོ། །ཆུང་ངུའི་དུས་སུ་བཏགས་པའི་རིགས་ཀྱི་མིང་ནི་པད་མ་ཨ་བ་བྷ་སི་སྟེ་པད་མ་འོད་ཟེར་ལྡན། སློབ་མ་རྣམས་ཀྱིས་གུས་པས་མཚན་གསོལ་བ་ནི་ཤྲཱི་མ་ཧཱ་སུ་ཁ་སྟེ་དཔལ་བདེ་བ་ཆེན་པོ། ཕྱིས་ཨོ་རྒྱན་དུ་བྱོན་པའི་སྐབས་ཨཽ་ཌི་ཡཱ་ན་བ་རྣམས་ཀྱིས་མཚན་གསོལ་བ། སྔོན་གྱི་དཔལ་བདེ་བ་ཆེན་པོ་པད་མ་བཛྲ་དང་མཛད་པ་མཚུངས་པས་པད་མ་བཛྲ་ཞེས་གྲགས་སོ། །”[10]ཞེས་འཁོད་པ་ལྟར་རོ། ། གཏེར་སྟོན་ཨོ་རྒྱན་གླིང་པས་བསམ་ཡས་མཆིམས་ཕུའི་གཏེར་ནས་སྤྱན་དྲངས་པའི《བཀའ་བསྡུས》ན། “རྒྱ་གར་མཁན་པོ་པྲ་བྷ་ཧ་སྟི་བསྟེན༔ རབ་བྱུང་བསྒྲུབས་ནས་དགེ་སློང་ཆ་ལུགས་མཛད༔”[11]ཅེས་དང་བདུད་འཇོམས་པས་ཀྱང“དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེང་གེར་གྲགས”[12]ཞེས་སོགས་གཏེར་ཆོས་རྣམས་སུ་སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བར་བཤད་མོད། ཇོ་ནང་ཏཱ་ར་ན་ཐས། “ཆོས་ཀྱི་མྱུ་གུའི་དགོན་པར་མཁན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་ནས་དགེ་འདུན་ཕལ་ཆེན་སྡེ་པའི་སྡེ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད”[13]ཅེས་རབ་བྱུང་གི་མཁན་པོའི་མཚན་ལ་མི་གཅིག་པ་གཉིས་སུ་བྱུང་འདུག དོན་ལ་སློབ་དཔོན་པྲ་བྷ་ཧ་སྟིའི་མདུན་ནས་རབ་ཏུ་བྱུང་ཞིང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞབས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པར་ངེས་ལ། མཁའ་འགྲོ་མ་གསང་བ་ཡེ་ཤེས་དགེ་སློང་མའི་རྣམ་པར་སྣང་བ་ཀུན་དགའ་མོ་ལ་དབང་ཞུས་པས། ཁོ་མོས་སློབ་དཔོན་མཆོག་ལ་ཕྱི་ནང་གསང་གསུམ་གྱི་དབང་རྫོགས་པར་བསྐུར་ཅིང་། “རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སེང་ཧ་ལས་རྫོགས་ཆེན་གཙོ་བོར་གྱུར་པ”[14]དང“སློབ་དཔོན་ཡེ་ཤེས་ཞབས་ལ། འདུས་པ་དང་། སྒྱུ་འཕྲུལ་དྲ་བ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་དང་། ལས་ཀྱི་ཕྲེང་བ་སྟེ་ནང་རྒྱུད་སྡེ་ལྔ་ལ་སོགས་པ་རྒྱུད་དང་མན་ངག་མཐའ་དག་གསན”[15]ནས་གསང་སྔགས་རྡོ་རྗེ་ཐེག་པ་ལ་ནང་བྱན་ཆུད་པར་གྱུར་ཅིང་གྲུབ་པའི་ས་མཐོར་གཤེགས། སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང་། སྒོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་བུར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་མི་སྣང་བར་རྒྱས་བཏབ་པའམ་གཏེར་དུ་སྦས་ནས་ཡོད་པ་ལ། དུས་ཕྱིས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་སོ་སོ་ནས་རང་སྐལ་དུ་བླངས་པ་ལ“ཕུར་པའི་གཡུ་སྒྲོམ་པད་མ་འབྱུང་གནས”[16]ལ་གཏད་པ་དང་། “རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་བྱུང་བ་སློབ་དཔོན་པད་མ་ལ་བབས་པ་ཡིན”[17]པས། སྒྲུབ་པ་བཀའ་བརྒྱད་ལ་བསྙེན་སྒྲུབ་ཚུལ་བཞིན་བསྐྱངས་སྟབས་གྲུབ་པའི་རྟགས་ཐམས་ཅད་འབྱོངས་པ་དང་། སྒོས་སུ་རྟ་མགྲིན་དང་རྡོ་རྗེ་ཕུར་པ་ལ་རྩལ་དུ་བཏོན་ནས་བསྙེན་སྒྲུབ་བྱས་པས། གྲུབ་པ་ཐོབ་སྟེ“ཨོ་རྒྱན་སློབ་དཔོན་པད་མ་འབྱུང་གནས་ཞེས་བྱ་བ་རྡོ་རྗེ་ཕུར་པའི་དངོས་གྲུབ་ཐོབ་པ་ཞིག”[18]ཏུ་གྱུར་ལ། གངས་ཅན་བོད་ཡུལ་དུ་ཡང་སྒྲུབ་པ་བཀའ་བརྒྱད་དང་ཡང་སྒོས་རྟ་མགྲིན་དང་དཔལ་རྡོ་རྗེ་ཕུར་པའི་ཆོས་སྐོར་མང་པོ་རྒྱ་ཁྱབ་ཆེན་པོས་དར་འཕེལ་བྱུང་བ་ཡིན་ནོ། ། 《ལྷོ་བྲག་ཆོས་འབྱུང》དུ“རྒྱལ་པོ་ཐུགས་སྒམ་པས་རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ་རྦ་གསལ་སྣང་དང་སེང་མགོ་ལྷ་ལུང་གཟིགས་གཉིས་ལ་གཡོག་ཏུ་སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྷ་ན་སིདྡྷི་མཆིམས་ཤཱཀྱ་བྲབྷ་བྲང་ཏི་ཛ་ཡ་རཀྵི་ཏེ། ཤུད་བུ་དཔལ་གྱི་སེང་གེ་དང་ལྔ་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་སློབ་དཔོན་གྱིས་མཁྱེན་ཏེ་བལ་ཡུལ་ཡང་ལེ་ཤོད་ནས་རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་བྱོན”[19]ཞེས་དང་། སོག་བཟློག་པས“དེ་ནས་རྒྱལ་པོས་སྣ་ནམ་བདུད་འཇོམས། མཆིམས་ཤཱཀྱ་བྷ་དྲ(པྲ་བྷ)། ཤུད་པུ་དཔལ་གྱི་སེང་གེ་གསུམ་ཆིབས་དང་བཅས་ནས་གསེར་མང་པོ་བསྐུར་ནས་སློབ་དཔོན་སྤྱན་འདྲེན་དུ་བརྫངས......དེ་ནས་སློབ་དཔོན་དང་། བོད་ཀྱི་མི་གསུམ་གྱིས་དཱ་ཧུ་ལའི་གཙུག་ལག་ཁང་ནས་བཏེག་སྟེ་རིམ་གྱིས་བལ་ཡུལ་དུ་ཕེབས་སོ། །”[20]ཞེས་གདན་འདྲེན་ཞུ་མཁན་གྱི་མི་ཕལ་ཆེར་གཅིག་པར་སྣང་ལ། བལ་ཡུལ་ནས་ཞབས་བཏེགས་ཏེ་བོད་དུ་ཕེབས་པར་ངེས། འོན་ཀྱང་། 《ལྷོ་བྲག་ཆོས་འབྱུང》དུ《རྦ་བཞེད》ཀྱི་ལུང་ཁུངས་སུ་དྲངས་པ་ནི། “རྦ་བཞེད་ལས་ནི་མཁན་པོ་བོ་དྷི་ས་ཏྭས་སྤྱན་དྲངས་པར་འདོད་པར་སྣང་སྟེ། དེ་ཉིད་ལས་གསལ་སྣང་རྒྱ་ནག་ནས་འཁོར་མ་ཐག་ཏུ་བཙན་པོས་ད་ནི་བོ་དྷི་ས་ཏྭ་སྤྱན་དྲོངས་ཞེས་བཀའ་བསྩལ་ནས་གསལ་སྣང་གིས་ཀྱང་བོ་དྷི་ས་ཏྭ་སྤྱན་འདྲེན་དུ་བལ་ཡུལ་དུ་མཆིས་པ་དང་བོ་དྷི་ས་ཏཱས་ཀྱང་པད་མ་སམྦྷ་ཝ་དང་ལྷ་ཁང་རྩིག་པའི་ཕྱ་མཁན་དང་གཉིས་མང་ཡུལ་དུ་སྤྱན་དྲངས་ཏེ་བསྡོངས་འདུག་པས་མཁན་པོ་གཉིས་ཀ་གསལ་སྣང་གིས་མང་ཡུལ་ནས་གཟིངས་བཅས་ནས་ཆུ་ཀླུང་ན་སྤྱན་དྲངས་འུ་ཡུག་གི་ཐད་ཀར་གཤེགས”[21]ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང《རྦ་བཞེད》ཀྱི་ལུང་གོང་ལྟར་དྲངས་ནས་མཇུག་ཏུ“དེ་ནས་ཨ་ཙརྱ་བོ་དྷི་ས་ཏྭས་གཞུང་ལམ་ལ་མགྱོགས་པར་བྱོན། སློབ་དཔོན་པད་མ་དང་ཆ་མཁན་དང་བལ་པོའི་རྡོ་བཟོ་བ་སོགས་བསྡེབས་ནས་ཕེབས་ཏེ། ཡུལ་སོ་སོའི་མི་མ་ཡིན་འདུལ་བ་དང་། ས་ཆ་རྣམས་རྟོག་གིན་བྱོན”[22]ཞེས་སོགས་གུང་བསྡུར་ཏེ་གཞིགས་ན་མཁན་ཆེན་པོ་དྷི་ས་ཏྭ་སྔོན་ལ་ཕེབས་པ་དང་། སློབ་དཔོན་པད་མ་འབྱུང་གནས་ཕྱིས་སུ་ཕེབས་པ་ཡིན་ལ། ཁོང་གཉིས་པོས་བལ་པོའི་མཐིལ་དུ་མཉམ་གཅིག་ཏུ་སྒྲིབ་སྦྱོང་བྱས་ཤིང་འགྲོ་དོན་བསྐྱངས་ལ། ཞར་ཞོར་དུ་བོད་སྐད་ལ་སྦྱངས་པ་ཅུང་བྱས་ཤིང་བོད་ཀྱི་གནས་ཚུལ་ལ་འདྲི་རྟོག་ལེགས་པོ་གནང་ནས་རྒྱུས་ལོན་བྱུང་མཐར་མཁན་པོ་སྔོན་ལ་བྱོན་པ་དང་། སློབ་དཔོན་རྗེས་སུ་བསྙེགས་པ་ཡིན་པར་མངོན། མཁན་པོ་སྔོན་ལ་བོད་དུ་འབྱོར་ནས་རིང་པོ་མ་འགྱངས་པར་རྒྱལ་པོར་འོས་སྦྱོར་གྱི་ཚུལ་དུ་སྙན་གསེང་སྒྲོན། དེའི་ཚུལ་ཏཱ་ར་ནཱ་ཐས《རྦ་བཞེད》ཀྱི་ལུང་དྲངས་པ་འདི་ལྟར་ཏེ། “ཨཱ་ཙརྱ་བོ་དྷི་ས་ཏྭ་སྤྱན་འདྲེན་དུ་ཕྱིན་པར་མྱུར་བར་འགྲན་བཟང་དུ་བྱོན། བཙན་པོ་དང་བཀའ་མཆིད་མཛད། པད་མ་སམ་བྷ་ཝ་སྤྱན་དྲངས་ནས་ལྷ་སྲིན་བཏུལ་ན་ལེགས་ཞེས་གསུངས་པ་ལྟར། རྦ་མང་རྗེ་གསལ་སྣང་། སེང་མགོ་ལྷ་ལུང་གཟིགས་གཡོག་ལྔ་དང་བཅས་པ་སྤྱན་འདྲེན་དུ་བཏང་བ། སློབ་དཔོན་གྱིས་ཀྱང་མཁྱེན་ནས་མང་ཡུལ་དུ་བྱོན་འདུག”[23]ཅེས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གསང་སྔགས་ཀྱི་བསྟན་པ་སྤེལ་བར་བྱོན་ནོ། |