མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

འཕགས་མཆོག་མགོན་པོ་ཀླུ་སྒྲུབ་དུས་རབས་ནམ་བྱོན་གྱི་དཔྱད་ཕྲན་བཞུགས།

43
发表时间:2022-03-13 17:43


རྩོམ་པ་པོ། རྩྭ་ནག་པ་ཡེ་ཤེས་བཟང་པོ།


དེ་ལ་འདིར་བླ་མ་སྤྱན་རས་གཟིགས་ཀྱི་ཞལ་ནས། རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་ཚིག་གིས་མདུན་བསུས་ཏེ། གང་གླེང་བར་བྱ་བ་ནི་གསར་བཤད་ལ་ཧ་ཅང་དགའ་བའི་དེང་དུས་ཀྱི་རྩོམ་པ་པོ་མང་བོ་ཞིག་དང་སྔར་བྱུང་བོད་ཀྱི་ཆོས་འབྱུང་རྣམས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དུས་རབས་ནམ་བྱོན་ཐད། གསུང་ཚུལ་ཆེས་ཐ་དད་དུ་གྱུར་སྟབས་དེ་ལ་དཔྱད་པར་བྱ་སྟེ།


《ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་བའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ》ལས། ཉི་ཧོང་གི་སློབ་དཔོན་ཨུ་ཨི་ཧ་ཁུ་རྗུ་ཡིས་སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ༡༥༠ནས༢༥༠བར་འཚོ་བཞེས་གནང་བར་གསུངས་པ་འདི་ལ་རྣམ་པར་དག་པའི་རྒྱབ་རྟེན་གྱི་རྒྱུ་མཚན་མང་བས་མཁས་པ་མང་པོ་ཞིག་གིས་འཐད་ཕྱོགས་སུ་ཞལ་བཞེས་གནང་བ་ལྟར་འཐད་པ་ཡིན། དེའི་རྒྱུ་མཚན་ཡང་།


དང་པོ། ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་རྣམ་ཐར་དུ་ཀླུ་སྒྲུབ་མྱ་ངན་ལས་འདས་ཏེ་དེའི་བར་ལོ་བརྒྱ་ལྷག་འདས་ཞེས་གསལ་ལ། ལོ་ཆེན་གཞོན་ནུའི་སྲོག་ཕྱི་ལོ(༤༠༡)ལོར་རྒྱ་ནག་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཞབས་སོར་འཁོད་འདུག་པས་དེ་ནས་ལུགས་ལྡོག་གིས་བརྩིས་ན་ཀླུ་སྒྲུབ་དེའི་གོང་རོལ་ལོ་སུམ་བརྒྱར་མྱ་ངན་ལས་འདས་པར་ངོས་འཛིན་བྱེད་དགོས།


གཉིས་པ། ལོ་ཆེན་གཞོན་ནུའི་སྲོག(༣༤༤-༤༡༣)གིས་སློབ་དཔོན་མཐིང་མིག་ཅན་གྱི་རྩ་ཤེའི་འགྲེལ་བ་དང་མཉམ་དུ་རྩ་ཤེ་རྒྱ་ནག་གི་སྐད་དུ་བསྒྱུར་ཡོད། ལོ་ཆེན་གྱིས་སྐུ་གཞོན་ནུའི་ཚེ་ཤ་ཤའི་རྒྱལ་སྲས་སཱུར་ཡ་སོ་མ་ལ་དབུ་མ་རྩ་ཤེ་གསན་བཞེས་གནང་ཡོད་པས་ན་སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་བ་ཡོད་པའི་དབུ་མ་རྩ་ཤེ་ཕྱི་ལོ༣༥༠གོང་དུ་བརྩམས་ནས་བཞུགས་པར་རྩོད་པ་མེད། ཕྱོགས་མཚུངས་ལོ་ཆེན་གྱིས་སཱུར་ཡ་སོ་མ་ལ་འཕགས་པ་ལྷའི་བརྒྱ་པ་དང་ཀླུ་སྒྲུབ་ཀྱི་སྒོ་བཅུ་གཉིས་པའི་བསྟན་བཅོས་ཀྱང་གསན་བཞེས་གནང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་མཐིང་མིག་ཅན་སཱུར་ཡ་སོ་མའི་གོང་རོལ་དུ་བྱོན་པར་ཤོད་ཅི་དགོས། དེས་ན་རྩ་ཤེ་ནི་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། དབྱིག སཱུར་ཡ་སོ་མ། གཞོན་ནུའི་སྲོག་བཅས་ལ་བརྒྱུད་ཡོད་པས། སློབ་དཔོན་དབྱིག་ཀྱང་ཕྱི་ལོ༣༠༠ཙམ་ལ་བྱོན་པ་ཚོད་དཔག་ནུས། ལྷག་པར་དུ་སློབ་དཔོན་མཐིང་ཅན་གྱི་རྩ་ཤེའི་འགྲེལ་བ་རབ་བྱེད་ཉེར་བདུན་པར་བཞི་བརྒྱ་པའི་ལུང་འདྲེན་ཡོད་པས་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། མཐིང་མིག་ཅན། སཱུར་ཡ་སོ་མ། གཞོན་ནུའི་སྲོག་བཅས་ལ་བརྒྱུད་ཡོད། དེ་ནས་ལུགས་ལྡོག་ཞིབ་རྩིས་བརྒྱབ་ན་སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ༡༥༠ནས༢༥༠ཙམ་ལ་ཚོད་དཔག་ནུས། ཞེས་ཟེར་རོ་ལོ།


དེ་ལ་ཡིད་རྟོན་མེད་ཚུལ་ནི། སྒྲུབ་བྱེད་དེ་གཉིས་ལས་ཕྱི་ལོའི(༡༥༠-༢༥༠)ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་པར་ཁས་ལེན་པ་ལ་མི་འཐད་པའི་ཚུལ་འདི་ལྟར་སྨྲ་བར་འདོད། ལུང་ལས་གསུངས་པ་དོར་བའི་ཉེས་ཀྱིས་སློབ་དཔོན་ངོས་མ་ཟིན་པའི་སྐྱོན་ཡོད་དེ། གཞུང་དེར་སངས་རྒྱས་ཀྱི་འཁྲུངས་འདས་ལ་ཕྱི་ལོ་སྔོན(༤༦༣-༣༨༣)བཞག་ཅིང་། དེ་དང་སློབ་དཔོན་བྱོན་པའི་བར་ལོ་ལྔ་བརྒྱ་སོ་གསུམ་སོང་བ་དང་། སངས་རྒྱས་ཀྱི་མདོ་དག་གི་བསྟན་དོན་ཁས་མི་ལེན་པའི་གནད་ཀྱིས། དབུ་མའི་ཀླུ་སྒྲུབ་དང་སྔགས་ཀྱི་ཀླུ་སྒྲུབ་ཅེས་ཐ་དད་དུ་འབྱེད་པ་ནི་ནོར་བ་ཁོ་ན་ཡིན་ཏེ། དུས་རབས་ཀྱི་ཆ་ནས་དེ་གཉིས་སོ་སོ་བར་བཤད་པའི་ཁུངས་འཇོག་རྒྱུ་མེད་པའི་ཕྱིར། གཞན་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་བརྒྱུད་པ་དེད་ནས་སློབ་དཔོན་དུས་རབས་ནམ་བྱོན་དཔྱད་པ་ལ་རྒྱུ་མཚན་དུ་འཛིན་དགོས་པ། ཡིད་ཆེས་ཆོག་པ་ཁུངས་དག་ཡོད་ན་ཤིན་ཏུ་མད་པའི་གནས་ཡིན་པས་དེ་དེ་བཞིན་ནོ། །འོན་ཀྱང་གོང་བཀོད་ཀྱི་བཤད་པ་དེ་ལ་རྒྱུ་མཚན་རྣལ་མ་ཞིག་རྩ་བ་ནས་མེད་དེ། འདི་ལྟར་མཐིང་མིག་ཅན་འཕགས་པ་ལྷའི་ཕྱིས་སུ་བྱོན་པར་གྲུབ་ཀྱང་དེ་གཉིས་ཀྱི་བར་རྩ་ཤེར་ཆིག་བརྒྱུད་ཡིན་པའི་སྒྲུབ་བྱེད་གཞི་ནས་འཚོལ་དགོས་པ་དང་། དབྱིག་ཀྱང་དེ་བཞིན་ཡིན་པས་དེ་འདྲའི་ཚོད་དཔག་གིས་ཅི་ཡང་མི་འཁྱོངས་པས། ཡོངས་སུ་གྲགས་པའི་ལོ་རྒྱུས་སྨྲ་བ་ལ་སྐབས་འགར་ལུང་ཁས་ལེན་པ་ནི་རྨད་དུ་བྱུང་བའི་རིགས་ཚུལ་ཞིག་ཅི་ལ་མིན།


སྐབས་འདིར་རྒྱུ་མཚན་ལྔའི་སྒོ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བྱོན་ལོ་ཕྱི་ལོ་སྔོན(༡༤༤)པ་མེ་བྱ་ལ་འཁྲུངས་པ་དང་ཕྱི་ལོ(༨༥)མེ་སྤྲེལ་ལ་འདས་པ་སྟེ་ཧྲིལ་ལོ་ཉིས་བརྒྱ་ཉེར་དགུ་ནི་སྐུ་ཚེའི་བཞུགས་ཚད་ཡིན་པ་འཐད་ལྡན་ཡིན་ཞེས་ལྟ་ཚུལ་ཞིག་འདོན་རྒྱུ་ཡིན། འདི་ལ་ངེས་པར་དུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་པའི་དུས་ཚིགས་ཤིག་གཏན་ཁེལ་དགོས་པས། སིངྒ་ལའི་གནས་བརྟན་པ་དག་གི་འདས་ལོ(༥༤༤)དེ་གཞིར་བྱས་པ་ཡིན།


སྒྲུབ་བྱེད་དང་པོ། འགོས་ལོ་ཙྭ་བའི《དེབ་ཐེར་སྔོན་པོ》ལས། དེ་ཡང་སྟོན་པའི་གཏད་རབས་ནི། ཐུབ་པ་ཆེན་པོས༡འོད་སྲུངས་ལ། ༢ དེས་ཀུན་དགའ་བོ་ལ། ༣ དེས་ཤ་ནའི་གོས་ཅན་ལ། ༤ དེས་ཉེར་སྦས་ལ། ༥ དེས་དྷི་དྷི་ཀ་ལ། དེས་ནག་པོ་ལ། དེས་ལེགས་མཐོང་ལ་བསྟན་པ་གཏད་པར་ལུང་ཕྲན་ཚེགས་ལས་འབྱུང་བ་ཡིན་ནོ། །ལངྒར་གཤེགས་པའི་འགྲེལ་བ་ལས། ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་བཞིན་དུ་འབྱུང་པ་ལ། ༦ དེས་བི་བྷ་ག་ལ། ༧ དེས་བཙུན་པ་བུདྷ་ནནྟི་ལ། ༨ དེས་བུདྡྷ་མི་ཏྲ་ལ། ༩ དེས་སློབ་མ་དགེ་སློང་རྩིབས་ལ། ༡༠ དེས་སུ་ན་ཤ་ཏ་ལ། ༡༡ དེས་རྟ་སྐད་ལ། ༡༢ དེས་མ་ཤི་ཀ་ལ། ༡༣ ཀླུ་སྒྲུབ་ལ། ༡༤ དེས་ཨཱ་རྱ་དེ་བ་ལ། ཞེས་གསུངས་པ་དེ་ལོ་རྒྱུས་དངོས་གཙོའི་དབང་དུ་བྱས་ཤིང་མི་རབས་རེ་ལ་ལོ་སོ་གསུམ་རེ་ཐོབ་པའི་ཚུལ་གྱི་གཏད་རབས་བཅུ་གཉིས་པོ་བསྒྲིགས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཕྱི་ལོ་སྔོན(༡༤༨)ལ་ཁེལ་བ་དེ་ལོ་གསུམ་ཙམ་གྱི་ཁྱད་མ་མཏོགས་ཁྲིགས་སེ་འགྲིག་པ་འདི་ནི་ཅི་འདྲའི་ཡ་མཚན་རྨད་དུ་བྱུང་བ་ཞིག་རེད་ཨང་།


སྒྲུབ་བྱེད་གཉིས་པ། སྦས་པའི་རྒྱལ་རབས་ཀྱི་རྒྱལ་པོ་བདེ་སྤྱོད་བཟང་པོས་སློབ་དཔོན་ཀླུ་སྒྲུབ་ལ་སློབ་མའི་ཚུལ་གྱིས་ཞབས་ཏོག་བྱས་པ་དང་དཀྲོངས་རྐྱེན་བྱས་པ་དང་རྒྱལ་པོ་དེར་ཆེད་དམིགས་ཀྱིས་གཏམ་བྱ་རིན་ཆེན་ཕྲེང་བ་བརྩམས་པ་སོགས་ཡོངས་གྲགས་ཡིན་ལ། 《གཏམ་རྒྱུད་གསེར་གྱི་ཐང་མ》ལས། ཀནིཥྐ་ནི་ཀུ་ཤ་ནའི་རྒྱལ་པོའི་ཁྲོད་ན་ཉི་ཟླ་ལྟར་གྲགས། འགའ་ཞིག་གིས་བསམ་པ་ལྟར་ན་སངས་རྒྱས་འདས་ནས་ལོ་དྲུག་བརྒྱ་དང་ཉེར་གཉིས་ལ་ཁྲི་བཟུང་ཞིང་ཤ་ཀའི་དུས་ཚོགས་སུ་གྲགས་པ་ཡང་འདི་ནས་མགོ་ཚུགས་ཟེར། ཕྲན་ཚེགས་ལས་བཞི་བརྒྱ་ན་ཡིན་པར་བཤད་དོ། །ཞེས་གསུངས་པའི་སྔ་མ་ཕྱི་ལོ(༧༨)ལོར་ཁྲི་བཟུང་དུས་དང་། ཕྱི་མ་ཕྱི་ལོ་སྔོན(༡༤༤)ཡིན་པས་གཉིས་ཀ་ལྟར་ན་ཉི་ཟླ་ལྟར་གྲགས་པའི་རྒྱལ་པོ་དེས་ཉི་ཟླ་ལྟར་མངོན་པར་མཐོ་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མི་ཚེའི་སློབ་དཔོན་དུ་བསྟེན་པ་དང་། བཤེས་པའི་སྤྲིངས་ཡིག་གི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་ཚུལ་འདི་ཡང་ཧ་ཅང་དུས་མཚུངས་འགྲིགས་པ་ཡིན་ནོ། །


སྒྲུབ་བྱེད་གསུམ་པ། 《གཏམ་རྒྱུད་གསེར་གྱི་ཐང་མ》ལས། དུས་ཀྱི་ངེས་པ་ནི་ལུང་བསྟན་རྣམས་ལ་བརྟེན་པ་ཙམ་ལས་རྒྱུ་མཚན་གཞན་རྙེད་པ་ཤིན་ཏུ་དཀའ། ཞེས་གསུངས་པ་ལྟར། ལང་ཀར་གཤེགས་པའི་མདོ་དང་འཇམ་དཔལ་རྩ་རྒྱུད་དང་འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་རྣམས་སུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཞེས་འབྱུང་བ་ཡང་དེ་དང་ཧ་ཅང་མཐུན་པ་ཡིན་ནོ། །


སྒྲུབ་བྱེད་བཞི་པ། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་ནཱ་ལནྡཱའི་དགོན་པ་ལ་སློབ་དཔོན་ཀླུ་སྒྲུབ་བཞུགས་ཚུལ་སོགས་བཤད་པ་དེ་འཐད་ལྡན་ཡིན་ཏེ། ནཱ་ལེནྡྲའི་དགོན་པ་ནི་ཕྱི་ལོ་སྔོན་གྱི་དུས་རབས་གཉིས་པའམ། ཕྱི་ལོའི་དུས་རབས་དང་པོ་གང་རུང་ལ་ཕྱག་བཏབ་པ་ཡིན་པར་གསལ་བ། 《ནཱ་ལེནྡྲ་ཕྱག་བཏབ་པའི་དུས་ཚིགས་ལ་དཔྱད་པ》ལས་གསུངས་ཟིན་ཀྱང་བཟློས་ན། 《ཐང་ཟན་ལམ་ཡིག་ལས》ད་ལྟ་ལོ་སྟོང་ལྷག་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་ཞིང་། ཞེས་དང་། 《བྱམས་ཆེན་དགོན་གྱི་སློབ་དཔོན་སྡེ་སྣོད་གསུམ་པ་ཐང་ཟན་གྱི་རྣམ་ཐར》ལས། ཐང་ཟན་བླ་མ་རྒྱ་གར་ལ་ཕེབས་པའི་སྐབས་ནཱ་ལེནྡྲ་ཕྱག་བཏབ་ནས་ལོ་བདུན་བརྒྱ་ལྷག་སོང་ཟིན་པར་གསལ་བར་གསུངས་པ་དང་། ཡང་དེ་ཉིད་ལས་ནཱ་ལེནྡྲའི་དགོན་པ་སངས་རྒྱས་མྱ་ངན་འདས་ནས་རིང་བོར་མ་ལོན་པ་ན་ཕྱག་བཏབ་པར་གསུངས་པ་དང་། ལམ་ཡིག་དེའི་འགྲེལ་བ་སོགས་ཕྱི་ལོ་སྔོན་གྱི་ནང་གསུངས་པ་དང་འགྲིགས་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དགོན་དེར་བྱོན་པའང་དོན་གནས་ཀྱི་བཤད་པ་ཞིག་ཅི་ལ་མིན།


སྒྲུབ་བྱེད་ལྔ་པ། སྐུ་ཚེའི་ཡུན་ཚད་ལ་དེ་ལྟར་མི་རུང་ངོ་སྙམ་པ་མི་བྱ་སྟེ། བོད་ཀྱི་ཆོས་འབྱུང་དག་ལས་དེབ་སྔོན་དུ་སེམས་སྡེའི་བརྒྱུད་པ་སོགས་འགའ་ཞིག་སྐུ་ཚེ་བརྒྱ་དང་བདུན་ཅུ་ཡས་མས་ལས་བརྒལ་བ་མེད་ཀྱང་། འདིར་འཛམ་བུ་གླིང་གི་མིའི་ཚེ་ཚད་ཆེས་རིང་བ་ཞིག་སྟེ། ལི་ཆིང་ཡུན་ཞེས་པའི་རྒད་པོ་དེ་ཕྱི་ལོ(༡༦༧༧)ལོ་སྟེ་གོང་མ་ཁང་ཞིས་ཁྲི་ལོ་བཅུ་དྲུག་པར་སྐྱེས་ཤིང་སྔ་རྗེས་སུ་གོང་མ་ཁང་ཞིས། གོང་མ་ཡོང་ཀྲིན། ཆན་ལུང་། ཅ་ཆིང་། ཏའོ་ཀོང་། ཞན་ཧྥིང་སོགས་བརྒྱུད་ཅིང་མཐར་མི་སེར་རྒྱལ་ཁབ་ཀྱི་སྐབས་ཕྱི་ལོ(༡༩༣༣)ལོར་འདས་པའི་བར་ཧྲིལ་ལོ་ཉིས་བརྒྱ་ང་དྲུག་ཐུབ་པ་འདི་རྒྱལ་ནང་ཝན་ཀྲོའུ་ཉིན་རེའི་ཚགས་པར་དང་། ཨ་རིའི་ཉིའུ་ཡོག་སྐབས་དོན་ཚགས་པར་སོགས་སུ་བཀོད་པ་དང་། གཞན་ཡང་འཇར་པན་གྱི《བཙན་རྒྱལ་རིག་མཛོད》ཅེས་པའི་ནང་། ཚེ་ཐག་ཧ་ཅང་རིང་བའི་ཁྱིམ་རྒྱུད་ཅིག་བཀོད་ཡོད་པ་དང་དེའི་ཁྲོད་ཀྱི་རྒད་པོ་ཞིག་ལོ་ཉིས་བརྒྱ་ཞེ་གཉིས་ཐུབ་པར་བཤད་པ་དང་། གཞན་ཡང་ཉིས་བརྒྱ་དང་དགུ། ཉིས་བརྒྱ་བཅོ་བརྒྱད། བཞི་བརྒྱ་ཞེ་གསུམ་སོགས་ཡོད་པ་འདི་དག་ཐམས་ཅད་ཡོངས་རྫོགས་རབ་བཏགས་ཀྱི་རྒྱན་དུ་སོང་བ་ཤ་རྟགས་ཡིན་པ་སུ་ཞིག་གིས་སྒྲུབ་ནུས་ཏེ་དཀའ་འོ། །དེའི་ཕྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱང་སྐུ་ཚེ་ཉིས་བརྒྱ་ཉེར་དགུར་བཞུགས་ཞེས་སྨོས་ན་སོ་སྐྱེས་བློར་མི་ཤོང་བ་ག་ལ་ཡིན་ཏེ་མིན་ནོ། །


དོགས་པ་སྤོང་ན། 《གསང་སྔགས་ལུང་གི་བང་མཛོད》དང《དཀོན་མཆོག་སྤྱི་འདུས་ཀྱི་དཀའ་འགྲེལ》གཉིས་ལས། ཚིག་མཐུན་པར་དེ་ནས་ལོ་བརྒྱ་ན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ནས། འཁོར་ལོ་བར་བ་མཚན་ཉིད་མེད་པའི་འཁོར་ལོ་གཏན་ལ་ཕབ། དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་དེ། ཞེས་འདས་རྗེས་ལོ་བརྒྱ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་པ་མ་ཡིན་ནམ་སྙམ་ན་དེ་ནི་དགོངས་པ་ཅན་གྱི་གསུང་ཡིན་ཏེ། སྤྲིན་ཆེན་པོའི་མདོ་དང་རྔ་བོ་ཆེའི་མདོ་ལས། འདས་རྗེས་ལོ་བརྒྱད་ཅུ་ན་ལྷོ་ཕྱོགས་སུ་ལི་ཙྪ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་བྱོན་པར་གསུངས་པ་དང་དེས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་དྲུང་དུ་ཐུབ་པའི་བསྟན་པ་ལ་ཆོས་ཕྱིར་སྲོག་གཏོང་བར་དམ་བཅས་པ་སོགས་གསུངས་པ་དེར་དགོངས་པ་ཡིན་ནམ་སྙམ་ལ། 《ཉང་ཆོས་འབྱུང》ལས་འདས་རྗེས་ལྔ་བརྒྱ་གསུངས་པ་ཡང་སློབ་དཔོན་ཞལ་བཞུགས་པའི་སྐབས་ལ་དགོངས་ཞེས་བཤད་ན་སྐྱོན་མེད།


《གཏམ་རྒྱུད་གསེར་གྱི་ཐང་མ》ལས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་མཚན་འདྲ་བ་འགའ་བྱུང་གསུངས་པ་ནི་ཐེག་ཆེན་གྱི་རྩ་བའི་སློབ་དཔོན་དུ་གྱུར་པ་ཁོང་དང་དཔལ་ས་ར་ཧའི་སློབ་མར་གྱུར་པའི་སྔགས་ཀྱི་ཀླུ་སྒྲུབ་གཉིས་ཡོད་ཅེས་པའི་དོན་མ་ཡིན་ཏེ། དེ་ནི་ཀླུའི་བྱང་ཆུབ་ཀྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཞེས་བྱ་བའི་མཇུག་བྱང་དུ། སློབ་དཔོན་ནཱ་གཱརྫུ་ན་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། ཀླུ་ཡི་བྱང་ཆུབ་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ། །ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མའི་གྲས་ཀྱི་མཚན་འདྲ་བ་སོགས་ལ་འཁྲུལ་འདུག་ཅེས་དགོངས་པ་ཡིན་ནམ་སྙམ།


ཡང་ནཱ་ལེནྡྲ་ནི་ངེས་པར་དུ་དུས་རབས་ལྔ་བའི་ནང་བཞེངས་པ་སྟེ《ཐང་ཟན་ལམ་ཡིག》ལས། རྒྱལ་པོ་ལོ་ཀཱ་ཏེ་ཇ་སྟེ་འཇིག་རྟེན་ཉི་མས་བཞེངས་པ་དང་དེའི་བུ་བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པ་ཡིན་པས། སངས་སྦས་ཕྱི་ལོ(༤༧༦-༤༩༦)ཁེལ་བས་ཕྱིར་ཟེར་ན། ངེས་པ་མེད་དེ། 《གཏམ་རྒྱུད་གསེར་གྱི་ཐང་མ》ལས། ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་པ་ལ་དུས་རིམ་གཉིས་བཀར་ཏེ། དགོན་པ་བཞེངས་པ་དང་རྒྱ་ཆེ་རུ་བསྐྱེད་པའི་དུས་རིམ་གཉིས་གསུངས་ཤིང་། གཞོན་ནུ་སྦས་པ(༤༡༤-༤༥༥)དང་པོས་གཙུག་ལག་ཁང་ཆེར་བསྐྱེད་པ་ཡིན་གྱི་དགོན་གནས་ནི་སྔར་ཡོད་པར་སེམས་ཞེས་གསུངས་པ་དང་རྒྱའི་བཙུན་པ《ཧྥ་ཤཱན་ལམ་ཡིག》ལས། གནས་འདིར་དགོན་པ་ཡོད། དེ་ནས་ལྷོ་ཕྱོགས་སུ་དཔག་ཚད་གཅིག་ཏུ་འགྲོ་བས་ན་ལེནྡའི་གྲོང་བརྡལ་དུ་ཕྱིན་ལ། ཞེས་དཔག་ཚད་གཅིག་ཙམ་གྱི་བར་གསུངས་པ་ཧ་ཅང་ཐག་ཉེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུངས་པ་དོན་ལ་གནས་པ་ཡིན་ནོ། །འོ་ན་ལུང་ལས། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། ཏཱ་ར་ནཱ་ཐའི《བཀའ་བབས་བདུན་ལྡན་གྱི་བླ་མ་བརྒྱུད་པའི་རྣམ་ཐར》ལས། ཕྱིས་དབུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལོ་ཕྱེད་ལོའི་ལོ་དྲུག་བརྒྱར་བདུན་ཅུ་དོན་གཅིག་གིས་མ་ཚང་། ཞེས་གསུངས་པ་རྒྱ་གར་དུ་གྲགས་པ་ཡིན་གྱི་བོད་ཀྱིས་བཟོས་པ་ནི་མིན་ནོ། །དེས་ཕྱིར་སྐུ་ཚེའི་ཡུན་ཚད་ཕྱེད་ལོར་བརྩི་བ་ནི་ཧ་ཅང་འཐད་དོ། །


དེ་ལྟར་མི་ཚེ་འདི་ལ་རྣམ་ཐར་འདི་འདྲ་བ་ཞིག་རྟོག་དཔྱོད་བྱེད་པའི་ལེགས་བྱས་བསོད་ནམས་ཀྱི་ཆ་ཤས་ཅི་ཙམ་ཡོད་པ་དེས་ཐེག་པ་ཆེན་པོའི་ཆོས་ཚུལ་ཡངས་པའི་ས་ཆེན་པོའི་ཁྱོན་ལ་ནུབ་པ་མེད་པའི་ཆེད་དུ་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག


ཅེས་འཕགས་མཆོག་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་རྒྱ་མཚོ་ཆེན་པོའི་འཇིངས་ལྟར་དཔག་དཀའ་བ་ལས་དུས་རབས་ནམ་བྱོན་གྱི་དཔྱད་ཕྲན་འདི་ནི་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོའི་ལོ་མཇུག་རྒྱུགས་སྤྲོད་དུ་འདས་རྗེས་ཀྱི(༢༥༦༥)པ་དང་། བོད་རྒྱལ་ལོ(༢༡༤༨)པའི་ལྕགས་གླང་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་རྩྭ་ནག་པ་ཡེ་ཤེས་བཟང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །།