མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

སྲོང་བཙན་སྔོན་དུ་བོད་ཡིག་ཡོད་མེད་སྐོར་གྱི་དཔྱད་ཐུང་།

43
发表时间:2023-09-21 13:55作者:ཡུལ་ཤུལ་ཚེ་དབང་བཀྲ་ཤིས།

དཔྱད་ཐུང་ཞིག


ཡུལ་ཤུལ་ཚེ་དབང་བཀྲ་ཤིས།


འདི་ནི་ཆབ་མདོ་ཤེས་རབ་ཀྱིས་བརྩམས་པའིཏུན་ཧོང་ཡིག་ཆའི་ནང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་གསལ་བའི་སྐོར་ཞེས་པ་དེ་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན།

དང་ཐོག་རྩོམ་ཡིག་དེའི་ཁ་བྱང་མཐོང་བ་ན་ཏུན་ཧོང་ཡིག་ཚང་ནི་ཐར་ཐོར་མང་ཞིང་རྫོབ་ཆེ་བ་ཞིག་ཡིན་པས་ན་བར་བར་དུ་དེ་འདྲའི་ཁ་གསལ་ཡང་ཡོད་ན་ཐང་། ཁོང་གིས་ཁ་གསལ་གྱི་ཡིག་ཚང་གསར་པ་གང་འདྲ་རྙེད་ཡོད་དམ་སྙམ་ནས་ཧ་ཅང་ཤེས་འདོད་ཀྱི་སྤྲོ་བའི་ངང་བཀླགས་མོད།   དེ་ཡང་ཏུན་ཧོང་གཏེར་ཡིག་ནང་གི་བློན་རབས་ཀྱི་ལོ་རྒྱུས་ལས། དེའྀ་འོག་དུ་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ། འཛངས་ཀྱི་ཚད་ནྀ། ཙང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་བློད་པའྀ་ཚེ། དེང་ཕོ་ཉ་ཞྀག་རིངས་པར་འོང་བ་སྙམ་གིས། ཕོ་ཉའི་ལན་མྱུར་དུ་བགྱི་འཚལ་ཞེས་མཆི་ནས། ཕོ་ཉའྀ་ལན་ཇི་ལ་མ་རག་པར་བྱས་པ་ལས། འུང་གི་རྗེས་ལའ། ཕོ་ཉ་མཆིས་ནས།གསོད་བྱ་མྱི་དགོས་པར། སྔར་སུག་ལས་བགྱིས་ལག་སྟེ། འུང་ཙམ་མོ། །ཞེས་འབྱུང་ལ།ཆབ་མདོའི་མཁས་པ་བློ་བཟང་ཤེས་རབ་ལགས་ཀྱིས།སུག་ལས་བགྱིས་པ་ནི་ཡི་གེ་འབྲི་བའི་དོན་དུ་འགྲེལ་ནས།སྲོང་བཙན་གྱི་ཡར་སྔོན་གནམ་རི་སྲོང་བཙན་གྱི་སྐབས་རང་ནས་བོད་ལ་ཡི་གེ་བཀོལ་སྤྱོད་ཡོད་པའི་ཡིག་ཚང་འདིས་གྲུབ་ཅེས་བཤད་འདུག།

དེ་ལྟར་གྲུབ་མིན་ཞིབ་ཏུ་དཔྱད་ན་འདི་ལྟར།

དང་པོ་བརྡ་འགྲེལ།

༡ མོང་ཁྲི་དོ་རེ་སྣང་ཚབ། གནམ་རི་སྲོང་བཙན་གྱི་འཛངས་བློན་ཞིག

༢ དཀུའ་ནི་གཡོ་ཐབས། ཏུན་ཧོང་གཏེར་ཡིག་ལས། སྤུང་ཟད་ཟུ་ཙེ་ལྟེ་བུ། ཚོར་སྐྱེན་ལ་དཀུའ་ཆེ། སྙིང་འཛངས། ཞེས་དང་། རྒྱལ་བོ་བཙན་བ་དང་། བློན་པོ་མཛངས་པ་དཀུའ་བོ་ཆེ་རྣམས་ཀྱིས་གཆིག་གིས་གཆིག་བརླག་སྟེ། ཞེས་དང་། དེའྀ་འོག་ཏུ་མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བྱས་ཏེ། དཀུའ་ཆེད་པོ་བྱས་ནས། ཁོ་ནའི་སྲིང་མོ་མཐོན་མྱི་ཟ་ཡར་སྟེང་། དུག་བསྐུར་ཏེ་བཏང་བ་ལས། མོ་ན་དུག་འཐུངས་ནས། བཙན་ནུ་བཀུམ་བ་ལགསོ། །ཞེས་སོགས་ཀྱི་དཀུའ་ནི་གཡོ་ཐབས་ལ་གོ་བར་གསལ།

༣ བློད་ནི་གྲོས་བགྲོས་པ། ཏུན་ཧོང་གཏེར་ཡིག་ལས།བློད་ཅེས་པ་ལྔ་བྱུང་བ་ལས་བཞི་ནི་གྲོས་བགྲོས་པ་ལ་འཇུག་པར་གསལ་ཏེ། ཏུན་ཧོང་གཏེར་ཡིག་ནང་གི་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས། འུང་གྀ་རྗེས་ལ་དགས་པོ་འངས་སུ་མངའ་བ་ལས་ལོག་གོ་འུང་ནས་རྗེ་བློན་ཡོངས་སུ་འདུས་ཏེ།དགས་པོ་ལྷ་དེ་དགུག་པའྀ་བཀའ་གྲོས་མཛད་ནས་དམག་པོན་སུས་བྱ་ཞེས་བློད་ན། སེང་གོ་མྱི་ཆེན་གྱྀས། ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ། །ཞེས་པའི་དོན་ནི་དྭགས་པོ་དབང་དུ་བསྡུ་བའི་དམག་དཔོན་སུས་བྱེད་པ་ལ་གྲོས་བྱས་ན་ཞེས་པའི་དོན་ནོ། །

ཏུན་ཧོང་གཏེར་ཡིག་ནང་གི་སྲོང་བཙན་དང་དབའ་ཕ་ཚན་བར་གྱི་མནའ་ཡིག་ལས།གཞན་གློ་བ་འདྲྀང་བ་སེམས་པ་དང་བློད་རེ། ཞེས་པ་ནི་བཙན་པོ་ལ་སྙིང་རིང་བའི་མི་དང་གྲོས་བགྱི་རི་ཞེས་པའི་དོན་ནོ། །

ཏུན་ཧོང་གཏེར་ཡིག་ནང་གི་སྲོང་བཙན་གྱིས་ཞང་ཞུང་ཕབ་པའི་ལོ་རྒྱུས་ལས། གྱིམ་བཙན་རྨང་ཅུང་སླརབཙན་པོ་སྤྱན་སྔར་མཆིས་ནས།བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། མགུར་བླངས་པའྀ་ཚིག་ནྀ་འདྀ་ཞེས་མཆི། པྱག་རྒྱས་བཏབ་སྟེ་སྐུར་བ་འདྀ་ལགས་ཤེས་གསོལ་པ་ལས། ཞུ་པྱག་རྒྱ་པྱེ་སྟེ་གཟིགས་ན།གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོ་དགོངས་དགོངས་ནས།ཡུ་བུས་ལིག་མྱྀ་རྷ་ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནྀ་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་བསྩལ་ནས། རྗེ་བློན་བློད་བློད་དེ།ལིག་མྱི་རྷའི་སྲིད་བརླག་གོ། །ཞེས་པའི་རྗེ་བློན་བློད་བློད་ནི་རྗེ་བློན་བགྲོས་བགྲོས་ནས་ཞེས་པའི་དོན་དུ་གསལ།

༤ གསོད་ནི་ཡིག་ནོར་ཏེ་གཟོད་ཡིན་ནོ། །

༥ སུག་ནི་ལག་པའི་བརྡ་རྙིང་སྟེ། ཏུན་ཧོང་ཡིག་རྙིང་ལས། རྒྱའྀ་དཔོན་སྣ་བོད་ལས་བསྐོས་པའི་སུག་པ་ན་དཔེ་ཕྱག་རྒྱ་ཅན་འཆང་བ། ཞེས་དང་། ཤན་ཤན་གྱི་སུག་གཡས་ཕའི་མཛུབ་ཚད་བཏབ་བོ། །ཞེས་དང་། ཁྲི་གདས་གི་སུག་མཛུག་ཅེས་གསལ། སྡེ་དགེའི་པར་མའི་བཀའ་འགྱུར་ལས།སུག་པ་ན་ལྷུང་བཟེད་ཐོགས་པ། ཞེས་དང་། སྤུ་གྲིས་སུག་པ་རྐང་པ་དྲས་ཏེ། ཞེས་སོགས་མང་།

༦ སུག་ལས་ནི་ལག་གི་ལས་ཀ་སྟེ། ཏུན་ཧོང་ཡིག་རྙིང་ལས།སུག་ལས་ཀྱང་སྔ་ཐང་བཞིན་བགྱིད་མྱི་ཐུབ། ཅེས་དང་། སྡེ་དགེའི་པར་མའི་བཀའ་འགྱུར་ལས།ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒན་མོ་ཅིག་ཁ་ཟས་གཡོ་བ་དང་མེ་ཏོག་ཐུ་བའི་ལས་རྣམ་གཉིས་བྱེད་པ་དེས་སྨྲས་པ། ཇོ་བོ་ད་ནི་བདག་ཤིན་ཏུ་རྒས་པས་སུག་ལས་རྣམ་གཉིས་རྔོ་མི་ཐོག་ན། ཞེས་དང་།རྒྱལ་པོའི་ཕོ་བྲང་དུ་སུག་ལས་བགྱིད། ཅེས་སོགས་འབྱུང་།

༧ འུང་གི་རྗེས་ལ་ནི། དེའི་རྗེས་ལ།

༨ འུང་ཙམ་ནི། དེ་ཙམ་ཞེས་པའོ། །

གཉིས་པ་དོན་འགྲེལ།

ཁྱུང་པོ་སྤུང་ཟད་ཟུ་ཙེས་གཙང་བོད་ཀྱི་ཇོ་བོ་མར་མུན་གྱི་རྒྱལ་སྲིད་བརླགས་ཏེ། དཀུའ་འམ་གཡོ་ཐབས་ཀྱི་སྦྱོར་བ་ཆེན་པོ་བྱ་རྒྱུ་བློད་པའམ་གྲོས་བགྱིས་པའི་ཚེ། ཕོ་ཉ་ཞིག་སྤུ་རྒྱལ་བཙན་པོ་གནམ་རིའི་དྲུང་དུ་བཏང་བ་ན། སྤུ་རྒྱལ་བའི་བློན་ཆེན་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་དེའི་ཚུལ་སྔོན་དཔག་གིས་ཤེས་ནས་དེང་ཁྱུང་པོ་སྤུང་ཟད་ཟུ་ཙེའི་ཕོ་ཉ་ཞིག་མྱུར་བའམ་རིངས་པར་འོང་བ་སྙམ་གིས་ཏེ་འདྲ་བས། ཕོ་ཉ་བ་དེའི་ལན་མྱུར་བར་གྲ་སྒྲིག་འདི་ལྟར་བགྱི་འཚལ་ཞེས་བགྱིས་ནས་ཕོ་ཉའི་ལན་གཞན་ཇི་ལ་མ་རག་པའམ་གང་ལའང་རག་མ་ལས་པར་བཀོད་སྒྲིག་བྱས་ཏེ་བསྒུགས་པ་ལས། འུང་གི་རྗེས་སམ་དེའི་རྗེས་ལ་ཕོ་ཉ་བ་མཆིས་པའམ་ཐོན་པ་ནས་གཟོད་བཀའ་ལན་གྲ་སྒྲིག་བྱ་མི་དགོས་པར་སྔར་ནས་སུག་ལས་སམ་ལག་བསྟར་བགྱིས་ཟིན་པ་དེས་འཐུས་པ་ལགས་ཏེ། བློན་ཆེན་མོང་ཁྲི་དོ་རེ་སྣང་ཚབ་ནི་འུང་ཙམ་མོ་སྟེ་དེ་ཙམ་བློ་རིགས་འཛངས་སོ། །ཞེས་པའོ། །

སྐབས་འདིར་ཕོ་ཉ་བར་ཡིག་ལན་ཞིག་འབྲི་རྒྱུ་མ་ཡིན་པར་ཕོ་ཉའི་ངག་འཕྲིན་ལྟར་སྤུ་རྒྱལ་བཙན་པོས་ཁྱུང་པོ་སྤུང་ཟད་ཟུ་ཙེ་ལ་གཙང་རྒྱལ་གྱི་སྲིད་དབང་ཡོངས་སུ་བརླགས་པའི་རྟིང་གནོན་རྒྱབ་རོགས་ལས་དོན་ཆེད་དུ་དཔུང་རོགས་གྲ་སྒྲིག་བྱ་དགོས་ཤིང་བྱས་པའང་ཡིན་ཏེ།སླད་ནས་རྒྱལ་བློན་ཆང་སྟོན་ལ་རོལ་སྐབས་ཁྱུང་པོ་སྤུང་ཟད་ཟུ་ཙེས་རང་གི་བྱས་རྗེས་ངོམ་ནས་བློན་པོ་གཞན་པར་མཐོང་ཆུང་གི་མགུར་བླངས་པ་ན།མྱང་མང་པོ་ཞང་སྣང་གིས་ཁྱུང་པོ་སྤུང་ཟད་ཟུ་ཙེ་ལ་ཤག་ལན་བཏབ་པའི་མགུར་གླུ་ལས།

ན་ནྀང་ནི་གཞེ་ནིང་སྔ།

ཕོ་མའི་ནྀ་འབྲོང་བཀུམ་པ།

ལྷོ་ཤིང་ནྀ་སྨྱུག་མོ་རྒྱལ།

ལྕགས་ཀྱིས་ནྀ་མ་དྲལ་ན།

མྱུག་གིས་ནྀ་རེ་མྱི་པུགས།

རྒོད་ཀྱིས་ནྀ་མ་བསྒྲོན་ན།

འབྲོང་ལ་ནྀ་རེ་མྱི་འཛིན།

    ཞེས་ཁྱུང་པོ་སྤུང་ཟད་ཟུ་ཙེས་གཙང་བོད་རྒྱལ་པོ་མར་མུན་བརླགས་པའི་བྱས་རྗེས་འཇོག་ཐུབ་པ་བྱུང་བ་ནི་སྤུ་རྒྱལ་བཙན་པོའི་དཔུང་རོགས་ལ་རག་ལས་པ་ལས།གཞན་དུ་ན་དེ་ལྟར་ཡོང་མི་ཐུབ་པའི་ཚུལ་ལྡེའུ་རིག་པའི་སྒོ་ནས་བརྗོད་ཡོད།

དེ་ལྟར་སྤུ་རྒྱལ་བས་དཔུང་རོགས་ལེགས་པར་བྱས་པས་ཁྱུང་པོ་སྤུང་ཟད་ཟུ་ཙེ་ལ་རྒྱལ་ཁ་ཐོབ་ཅིང་། རྒྱལ་ཁའི་འབྲས་བུ་སྤུ་རྒྱལ་ལ་ཕུལ་ཞིང་། དེའི་བྱ་དགར་གཙང་བོད་དུད་ཁྱིམ་ཉིས་ཁྲི་ཁྱུང་པོ་སྤུང་ཟད་ཟུ་ཙེ་ལ་དབང་བའི་གནས་ཚུལ་བྱུང་བ་སྟེ།ཏུན་ཧོང་གཏེར་ཡིག་ནང་གི་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས། རྒྱལ་པོ་འདིའྀ་རིང་ལ། ཁྱུང་པོ་སྤུང་སད་ཀྱིས་ཙང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ།ཙང་བོད་ཁྱིམ་ཉི་གྲི། བཙན་པོའི་པྱག་དུ་པུལ་ཏེ། ཟུང་ཙེ་གློ་བ་ཉེའོ། །འུང་ནས།བཙན་པོ་སློན་བཙན་གྱྀས། ཙང་བོད་ཁྱིམ་ཉི་གྲྀ། ཟུ་ཙེ་གློ་བ་ཉེ་བའི་བྱ་དགའར་སྩལ་ཏོ། །ཞེས་སོ། །

ཚུལ་འདི་ལྟར་ཡིག་ཚང་གོང་འོག་བསྒྲིགས་ནས་ཡིག་ཚང་གི་ཚིག་དངོས་ཟིན་རང་ལ་གོ་བ་ལེགས་པར་བླངས་ན་སྐབས་དེར་ཡི་གེ་བཀོལ་སྤྱོད་བྱས་པའི་དོན་ཞིག་མི་འབྱུང་བ་ནི་ཤིན་ཏུ་གསལ་བའོ། །

དེ་བཞིན་བློ་བཟང་ཤེས་རབ་ཉིད་ཀྱིས་དོགས་པ་ཁོང་སློང་སྒོ་ནས་སུག་ལས་བགྱིས་པ་དེ་དོན་མཚོན་གྱི་ཐག་མདུད་རྒྱག་པ་དང་རི་མོ་འབྲི་བ་སོགས་ལ་གོ་མི་རུང་བའི་རྒྱུ་མཚན་གཙོ་བོ་ལ་སྐབས་དེའི་གནད་དོན་ནི་དམག་དོན་དང་ནང་འཁྲུག་རྙོག་གྲ་ཚ་བའི་གནས་ཚུལ་ཁག་ཡིན་པས་ཐག་མདུད་བརྒྱབ་ནས་གསལ་བཤད་ཇི་ལྟར་བྱེད་ཐུབ་དམ།ཞེས་བཤད་མོད། དེ་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་ཀྱི་ལྡེའུ་རིག་པ་ལ་བསམ་བློ་མ་བཏང་བ་ཞིག་སྟེ།བཙན་མོ་སད་མ་ཀར་གྱིས་བཙན་པོ་སྲོང་བཙན་སྒམ་པོ་ལ་ཞུ་ཡིག་མ་ཕུལ་བར་བུ་མེད་ཀྱི་ཞྭ་གཅིག་དང་གཡུ་སུམ་ཅུ་བཅུག་པའི་འབུལ་དངོས་ཞིག་ལ་ཕྱག་རྒྱས་བཏབ་སྟེ་ཕུལ་བ་དེས་ཞང་ཞུང་དབང་དུ་བསྡུ་བའི་དམག་དོན་ཐག་གཅོད་བྱས་ཚུལ་ཏུན་ཧོང་གཏེར་ཡིག་ནང་གི་སྲོང་བཙན་གྱིས་ཞང་ཞུང་ཕབ་པའི་ལོ་རྒྱུས་གོང་དུ་བཀོད་པ་ལས་གསལ་བ་མ་ཡིན་ནམ།

ཡང་བློ་བཟང་ཤེས་རབ་ཀྱིས། ཏུན་ཧོང་གཏེར་ཡིག་ནང་གི་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས། མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་ཡང་རྔུལ་གྱི་སུག་བུ་ཆུང་སྩལ་ཏོ། །ཞེས་འབྱུང་བའི་སུག་བུ་ཆུང་ནི་ཡི་གེ་ལ་བཙན་གྱིས་འགྲེལ་མོད།དེའི་དོན་ནི་གནམ་རི་སྲོང་བཙན་གྱི་མྱང་མང་པོ་རྗེ་ཞང་སྣང་བློན་གྲལ་དུ་བཅུག་ནས་བློན་པོའི་ཐོབ་ཐང་མཚོན་བྱེད་དུ་དངུལ་གྱི་ལག་རྟགས་བྱང་བུ་ཆུང་བ་བསྩལ་བའོ། །

རྒྱའི་ཡིག་ཚང་རུས་སྦལ་ཤུན་སྐོགས་ལས། ཆེ་ཆུང་ཚུན་གསུམ་ཙམ་པ་དང་དབྱིབས་སྒོར་སྒོར་མོ་ཡིན། སྣམ་བུ་གྱོན་པའི་དཔུང་འགོར་འདོགས།ཞེས་སྤུ་རྒྱལ་བའི་ཐོབ་ཐང་མཚོན་བྱེད་ཀྱི་བྱང་བུ་དེ་ལག་པའི་དཔུང་འགོར་འདོགས་པར་གསལ་ལ། དེས་ན་གནམ་རི་སྲོང་བཙན་སྐབས་སུ་རྒྱུ་ཆའི་ཆ་ནས་དངུལ། སུག་པར་འཆང་བའམ་སུག་པའི་དཔུང་འགོར་འདོགས་པའི་བྱང་བུ་ཡིན་པས་ན་སུག་བུ་སྟེ་ལག་གི་བྱང་བུ་ལ་ལག་བུ་ཞེས་པ་ལྟར་དང་། ཆེ་ཆུང་གི་རིམ་པ་ལས་ཆུང་བ་ཞེས་བརྗོད་པ་ལ་སླད་ནས་བྱང་བུའི་ངོས་སུ་ཡི་གེ་བཀོད་པས་ན་དངུལ་གྱི་ཡི་གེའམ་དངུལ་གྱི་ཡིག་ཚང་ཞེས་བརྗོད་པར་སྙམ།

སྐབས་དེར་ལག་རྟགས་བྱང་བུའི་ངོས་ལ་ཡི་གེ་མེད་པས་དངུལ་གྱི་ཡིག་ཆུང་ཞེས་མ་སྨོས་པ་ནི་དོན་གྱིས་གོ་བ་སྟེ།སྲོང་བཙན་མན་ཆད་ནས་བློན་པོའི་ཐོབ་ཐང་མཚོན་བྱེད་ཀྱི་བྱང་བུའི་ངོས་སུ་ཡི་གེ་བཀོད་པས་ན་གསེར་གྱི་ཡི་གེ་དང་དངུལ་གྱི་ཡི་གེ་ཅེས་སོགས་དངོས་སུ་འབྱུང་བ་སྟེ། ཏུན་ཧོང་གཏེར་ཡིག་ནང་གི་སྲོང་བཙན་དང་དབའ་ཕ་ཚན་བར་གྱི་མནའ་ཡིག་ལས།བུ་ཚ་གང་རུང་བ་གཆིག །གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལ་པར་བཀའ་སྩལ་ཏོ། །གསེར་གྱི་ཡྀ་གེ་ལས་སྨད་རེའ། ཞེས་དང་།

ཏུན་ཧོང་གཏེར་ཡིག་ནང་གི་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ལས། གཡུའི་ཡི་གེ་ཆུང་ངུ་ནམ་ནམ་ཞར་ཞར་བྱིན་ནོ། །ཞེས་དང་། བློན་ཆེན་སྣང་བཞེར་ཟླ་བརྩན་འཛངས་ཤྀང་མཁས་ལ། བཀྲའ་ཤྀས་ཤིང་ཁ་དྲོ་བས། ནོར་བུ་རྀན་པོ་ཆེའི་ཡི་གེ་སྩལ་ཏོ། བློན་ཆེ་སྣང་བཞེར་ཀེ་ཀེ་རུའྀ་ཡྀ་གེ་སྩལདེ། བློན་ཆེར་བཅུགཞང་རྒྱལ་ཟིགས་ཆེན་ཕོ་གཡུའྀ་ཡི་གེ་སྩལདེ་མགར་འཛི་རྨུན་གྱྀ་ཐང་དུ་ཆོག་ཤེསུ་བསྟོད།བློན་ཁྲི་བཟང་བློན་ཅེར་བཅུག སྟོང་རྩན་གཡུའྀ་ཡྀ་གེ་སྩལཏེ། སོ་མཐའ་བཞི་དམག་པོནདུ་བཀའ་སྩལད་པར་ལོ་གཅིག །ཅེས་དང་།

སྟག་སྒྲ་ལ་བསྩལ་པའི་རྡོ་རིང་ལས།བཙན་ཕོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་དབུ་སྙུང་གནང་སྟེ།བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་དངུལ་གྱྀ་ཡི་གེ་ཆེན་པོ་གཅིག་ན་མྱྀ་དབབ་པར་གཡུང་དྲུང་དུ་སྩལད་ཕར་གནང་ངོ་། །དངུལ་གྱྀ་ཡི་གེ་བླར་མྱྀ་བཞེས་པར།བློན་སྟག་སྒྲ་ཀླུ་ཁོང་དང་། ཟླ་གོང་གི་བུ་ཚ་རྒྱུད་གང་ཉེ་བ་གཅིག །དངུལ་གྱྀ་ཡི་གེ་ཆེན་པོ་གཡུང་དྲུང་དུ་སྩལད་པར་གནང་ངོ་། །ཞེས་གསལ་ལོ། །

དེ་ལྟར་ན་གནམ་རི་སྲོང་བཙན་སྐབས་སུ་བློན་པོའི་མཚན་མའི་དངུལ་གྱི་བྱང་བུ་དེ་ལ་དངུལ་གྱི་སུག་བུ་ཆུང་།ཞེས་དང་། སྲོང་བཙན་མན་ཆད་ནས་དངུལ་གྱི་ཡེ་གེ་ཆུང་ངུ་།ཞེས་བརྗོད་ཚུལ་ལ་འགྱུར་བ་བྱུང་ཡོད་པ་འདི་ལས་གནམ་རིའི་སྐབས་སུ་བྱང་བུ་ངོས་སུ་ཡི་གེ་མེད་པ་དང་།སྲོང་བཙན་མན་ཆད་ནས་ཡི་གེ་ཡོད་པར་གསལ་བ་མ་ཡིན་ནམ།

སྐབས་དེར་ལག་པའི་བྲིས་པའི་ཡི་གེ་ལ་སུག་བུ་མི་ཟེར་བར་སུག་ཡིག་ཅེས་ཟེར་ཏེ། ཏུན་ཧོང་གཏེར་ཡིག་ལས། ངོམ་ཏོ་ཏོ་དང་། ཆང་ཀོག་ཚེང་ལསྩོགས་ཕའྀ་དཕང་རྒྱ་དང་ཁོང་ཏ་རྣམས་ཀྱི་སུག་རྒྱ་དང་སུག་ཡིག་ཚད་ཀྱིས་བཐབ་ཕ། ཞེས་གསལ་ལོ། །

གསུམ་པ མཇུག་སྡོམ།

ཏུན་ཧོང་གཏེར་ཡིག་ནང་གི་སྲོང་བཙན་སྒམ་པོའི་ལོ་རྒྱུས་ལས། བླ་ན་རྗེ་སྒམ་ན་ཁྲི་སྲོང་བཙན།འོག་ན་བློན་འཛངས་ན་སྟོང་རྩན་ཡུལ་ཟུང་། ཇེ་ནྀ་གནམ་རི་པྱ་འྀ་ལུགས།བློན་པོ་ནི་ས་འྀ་ངམ་ལེན་གྱི་ཚུལ། མངའ་ཐང་ཆེན་པོའི་རྐྱེན་དུ། ཇྀ་དང་ཇྀ་ལྡན་ཏེ།པྱི་འི་ཆབ་སྲིད་ནྀ་ཕྱོགས་བཞིར་བསྐྱེད། ནང་ནྀ་ཁབསོ་ནི་མྱི་ཉམས་པར་ལྷུན་སྟུག་འབངས་མགོ་ནག་པོ་ཡང་མཐོ་དམན་ནྀ་བསྙམས།དཔྱའ་སྒྱུ་ནི་བསྐྱུངས། དལ་དུ་ནྀ་མཆིས། སྟོན་དཔྱིད་ནྀ་བསྐྱལ། འཁོར་བར་ནྀ་སྤྱད།འདོད་པ་ནྀ་བྱིན། གནོད་པ་ནྀ་པྱེ། བཙན་བ་ནྀ་བཅུགས སྡོ་བ་ནི་སྨད། འཇིགས་པ་ནྀ་མནན།བདེན་པ་ནྀ་བསྙེན། འཛངས་པ་ནྀ་བསྟོད། དཔའ་བོ་ནྀ་བཀུར། སྨོན་པར་ནྀ་བཀོལ། ཆོས་བཟང་སྲིད་མཐོ་སྟེ།མྱི་ཡོངས་ཀྱིས་སྐྱིད་དོ། །བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། བཙན་པོ་འདིའྀ་ཚེ་བྱུང་ནས།བོད་ཀྱི་གཙུགས་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོའི་རིམ་པ་དང་།ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་།སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ།བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ་།མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བཙན་སྒམ་པོ་ཞེས་གསོལ་ཏོ། །ཞེས་པའི་ནང་གི་བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་།བཙན་པོ་འདིའྀ་ཚེ་བྱུང་ནས།ཞེས་པ་ལ་ཆབ་མདོ་བློ་བཟང་ཤེས་རབ་ཀྱིས་ཡི་གེ་ལེགས་བཅོས་སྒོ་ནས་ཡི་གེ་ཞེས་པའི་བརྡ་གསར་བཟོ་བྱས་པའི་དོན་དུ་འགྲེལ་མོད།མིག་སྔའི་ཆར་འདི་ཉིད་སྒྲས་ཟིན་སྒྲ་ཇི་བཞིན་པར་ཁས་ལེན་པ་ལ་དངོས་ཀྱི་གནོད་བྱེད་གང་ཡང་མ་དམིགས་པས་དོན་གཞན་དུ་འགྲེལ་དགོས་དོན་གཏན་ནས་མ་མཐོང་སྟེ།དངོས་ཀྱི་གནོད་བྱེད་མ་མཐོང་ན་ཡང་རང་འདོད་ཀྱིས་ཡིག་ཚང་གལ་ཆེན་གྱི་ལུང་ཚིག་ལ་སྒྲས་ཟིན་གྱི་གོ་དོན་ལས་དོན་གཞན་འཇོག་པ་ནི་མཁས་པའི་ཚུལ་མ་ཡིན་ནོ། །

ལྷག་པར་གཟུར་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་རང་གི་ལྟ་ཚུལ་གྱི་ཆེད་དུ་རྒྱུ་ཆ་བསྒྲིགས་རྒྱུ་མ་ཡིན་པར།རྒྱུ་ཆ་བསྒྲིགས་ནས་ལོ་རྒྱུས་ཀྱི་དོན་གང་ཞིག་མངོན་མིན་ལ་ལྟ་རྒྱུ་དེ་རྩ་དོན་ལྟ་བུ་ཡིན་འོས་སོ་སྙམ།

སྤྱིར་འཛམ་གླིང་གི་ལོ་རྒྱུས་ལ་མཚོན་ན་ཡི་གེའི་རིག་གནས་དར་སྔ་བའི་སུའུ་མེར་མི་རིགས་དང་བྷ་པུ་ལོན་རྒྱལ་ཁབ་རྩ་མེད་དུ་སོང་ཟིན་ཞིང་།ཡང་ཡི་གེའི་རིག་གནས་དར་འཕྱི་བའི་འཇར་པན་སོགས་འཛམ་གླིང་གི་རིམ་འདས་རྒྱལ་ཁབ་ཏུ་གྱུར་ཡོད།དེས་ན་ཡི་གེའི་རིག་གནས་དར་སྔ་བ་དེ་དེ་ཙམ་གལ་ཆེན་ཡིན་མིན་བཤད་དཀའ་མོད།གང་ལྟར་ལོ་རྒྱུས་ནི་རྒྱུ་ཆ་ཁུངས་བཙན་ལྟར་འགྲོ་དགོས་པ་ནི་ལོ་རྒྱུས་རིག་པའི་གཏན་ཚིགས་ཀྱི་སྤྱི་འགྲོས་ཤིག་ཡིན་པར་བཤད་དོ། །

ཞེས་པ་འང་ཚེ་དབང་བཀྲ་ཤིས་ཀྱིས་ཉམས་མཚར་དུ་སུག་བྲིས་བགྱིས་པའོ། །

2023.9.5