ཟླ་རྐང་གི་འཕེལ་འགྲིབ་ལས་ཚེས་ཀྱི་ཆད་ལྷག་བྱུང་ཚུལ་མདོར་བསྡུས་སུ་བརྗོད་པ།129
发表时间:2023-09-28 09:34 ཟླ་རྐང་གི་འཕེལ་འགྲིབ་ལས་ཚེས་ཀྱི་ཆད་ལྷག་བྱུང་ཚུལ་མདོར་བསྡུས་སུ་བརྗོད་པ་ གཟུར་གནས་དགྱེས་པའི་གཏམ། སེང་ཁྲི་དགེ་འདུན་རབ་རྒྱས། ༧ བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ། དེ་ཡང་རྒྱུན་དུ་རཱི་ཐུ་སམ་ལི་ཐོའི་ནང་ཟླ་བཤོལ་དང་ཚེས་ཆད་ལྷག་ཡོད་པ་ནི་ཀུན་གྱི་མཐོང་སྣང་ལྟར། དེ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་ཉུང་བས། སྐབས་འདིར་བདག་གིས་བློ་ལྡན་རྣམས་ཀྱི་སྐར་རྩིས་རིག་པའི་གཞུང་ལས་ཁོལ་དུ་ཕྱུང་སྟེ་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་བློ་དམན་བདག་འདྲ་དག་ལ་ཆེ་ལོང་ཙམ་ཞུ་སྙིང་སྤྲོ་སྟེ། ཚེས་ཆད་ལྷག་བརྩི་ཚུལ་འདི་ནི་དུས་འཁོར་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་གསུངས་པས། སྐར་རྩིས་རིག་པ་ལ་བློ་ཁ་མ་ཕྱོགས་པར་ཤེས་ཐབས་བྲལ། དེ་ནི་ཉིན་ཞག་དང་ཚེས་ཞག་གི་དུས་ལོངས་དོ་མ་མཉམ་པའི་རྐྱེན་ལས་བྱུང་བ་ཡིན་ལ། དེ་ཤེས་དགོས་ན་ཐོག་མར་ཞག་གསུམ་གྱི་རྣམ་བཞག་ཅུང་ཙམ་མ་ཤེས་པར་མི་ཤེས་པས་རིམ་བཞིན་དུ་དེ་ལ་འཇུག་པར་བྱའོ། ། ཞག་གསུམ་མདོར་བསྡུས། ཞག་གསུམ་གྱི་རྣམ་བཞག་མདོར་བསྡུས་སུ་བརྗོད་ན། རྩིས་གཞུང་ཉིན་བྱེད་སྣང་བ་ལས། ཉིན་ཞག་ནི། ནམ་མཁའི་ཉི་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུག་གཅིག་དག་ལ་བརྗོད། །ཅེས་གསུངས་པ་ལྟར། ཉི་མ་རླུང་འགྲོས་ཀྱིས་གླིང་བཞིའི་ནམ་མཁར་གཡས་སྐོར་ཚར་གཅིག་བྱེད་པའི་ཡུན་ཏེ། ད་ནངས་ལག་རིས་མཐོང་བ་ནས་སང་ཉིན་ལག་རིས་མཐོང་བའི་བར་ཡིན། དུས་ཀྱི་ཚད་ནི། དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་དབུགས་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་ཏེ།༼༢༡༦༠༠༽ཆུ་ཚོད་སར་བསྒྲིལ་ན་དྲུག་ཅུ་༼༦༠༽ཡིན། ཚེས་ཞག་ནི། དེ་ཉིད་ལས། ཚེས་ཞག་ཟླ་བའི་དཀར་ནག་ཆ། །འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པ་ཡིན། །ཞེས་པ་ལྟར། ཟླ་བའི་རང་འགྲོས་ཀྱིས་ཁྱིམ་བཅུ་གཉིས་ལ་གཡོན་སྐོར་ཚར་གཅིག་ལས་ཅུང་ལྷག་བགྲོད་པའི་ཡུན་ནི་ཚེས་ཟླ་གཅིག་སྟེ། ཟླ་བ་ཉ་གང་ནས་ཉ་གང་བའི་བར་ཡིན་ལ། དེ་ཆ་སུམ་ཅུ་བྱས་པའི་ཆ་གཅིག་གི་ཡུན་ལ་ཚེས་ཞག་ཅེས་བརྗོད་པ་སྟེ། ཉིན་ཞག་གཅིག་ལས་ཅུང་ཐུང་བར་གསུངས། དུས་ཀྱི་ཚད་ནི། ཆུ་ཚོད་ང་དགུ་༼༥༩༽སྲང་གསུམ་༼༣༽དབུགས་བཞི་༼༤༽དབུགས་གཅིག་ཆ་བདུན་བརྒྱ་བདུན་དུ་འཕངས་པའི་ཆའམ་རི་མཁའ་རིའི་༼༧༠༧༽ཆར་བཅུ་དྲུག་ཏུ་འབྱུང་བའི་ཡུན་ཡིན། ཁྱིམ་ཞག་ནི། དེ་ཉིད་ལས། ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེ་འཕོ་བའི་ཡུན་ཚད་ལ། །སུམ་བཅུར་བྱས་པའི་ཆ་རེ་བཞག །ཅེས་པ་ལྟར། དེ་ནི་ཉི་མའི་རང་འགྲོས་ཀྱིས་ཁྱིམ་བཅུ་གཉིས་ལ་གཡོན་སྐོར་ཚར་གཅིག་བྱེད་པའི་རིང་ལ་ཁྱིམ་ལོ་གཅིག་སྟེ། ཉི་མ་ཐ་སྐར་ཐོག་ནས་ཐ་སྐར་ཐོག་ཏུ་སླེབས་པའི་ཡུན་ལ་བརྗོད་པ་ཡིན། དེ་ཆ་བཅུ་གཉིས་སུ་འཕངས་བ་ནི་ཁྱིམ་ཟླ་གཅིག་སྟེ་ཉི་མས་ཁྱིམ་གཅིག་བགྲོད་པའི་ཡུན་ཡིན། དེ་ཆ་སུམ་ཅུར་བྱས་པའི་ཆ་གཅིག་ནི་ཁྱིམ་ཞག་གཅིག་སྟེ་ཉིན་ཞག་གཅིག་ལས་ཅུང་རིང་བ་ཡིན། དུས་ཡུན་ནི། ཆུ་ཚོད་དྲུག་ཅུ་༼༦༠༽ཆུ་སྲང་ང་གཉིས་༼༥༢༽དབུགས་བཞི་༼༤༽རི་མཁའ་རིའི་ཆ་བརྒྱ་དང་རེ་བརྒྱད་༼༡༦༨༽དེ་ཉིད་མདའ་རོར་གཏུབས་པའི་ཆར་ལྔ་བཅུ་༼༥༠༽ཡོད་པ་སོགས་ཀྱིས་ཞག་གསུམ་གྱི་ངོ་བོ་ཙམ་བརྗོད་པ་ཡིན། ཚེས་ཆད་ལྷག་དངོས་བཤད་པ། དེ་ལྟར་༼ཁྱིམ་ཉིན་ཚེས༽གསུམ་གྱི་དུས་ལོངས་ཆ་མ་མཉམ་པ་ལ་བསྟེན་ནས་འདུལ་བ་ལས་ཞག་མི་ཐུབ་པ་གསོ་སྦྱོང་བཅུ་བཞི་བ་ངོས་འཛིན་བྱེད་པ་དང་། སྐར་རྩིས་ལས་ཚེས་ཆད་ལྷག་དང་ཟླ་བཤོལ་འདོན་པ་སོགས་ངོས་འཛིན་བྱེད་གྱིན་ཡོད། འོ་ན་ཉིན་ཞག་དང་ཚེས་ཞག་ལ་བསྟེན་ནས་ཞག་ཆད་ལྷག་ཅི་ལྟར་བྱུང་ཞེ་ན། གཞུང་ལས།དོན་དུ་ཚེས་ལ་ཆད་ལྷག་མེད། །དེ་ལྟར་སྣང་བའི་རྒྱུ་མཚན་ནི། །ཉིན་ཚེས་བསྟུན་ནས་བརྩི་ཕྱིར་ཏེ། །ཉིན་ཞག་གཅིག་གིས་ཚེས་ཞག་ནི། །རིལ་བོ་གཅིག་དང་སྔ་ཕྱི་ལས། །ངོ་མཐོང་རིལ་བོ་ཆད་ཅེས་བཏགས། །ཚེས་ཞག་གཅིག་གིས་ཉིན་ཞག་ནི། །གསུམ་མཐོང་དེ་ལས་རིལ་བོ་དང་། །འགྲོག་པའི་ཚེས་དེ་ལྷག་པར་འདོད། །དེས་ན་རྐང་བའི་འཕེལ་འགྲིབ་ལས། །བྱུང་བའི་ཆད་ལྷག་ཁ་འགྲིག་སྟེ། །དེ་ནས་ཆད་པ་མང་བ་ནི། །ཉིན་ཚེས་ཞག་མི་ཐུབ་པའི་ཆ། །ཞེས་གསུང་པ་ལྟར། ཚེས་ཞག་གཅིག་གི་ཆ་མཉམ་དུས་ཀྱི་ལོངས་སྤྱོད་༼ཆུ་ཚོད་༥༩སྲང་གསུམ་༣དབུགས་བཞི་༤ཆ་ཤས་བཅུ་དྲུག་༡༦༽ཡིན། ཟླ་བའི་འགྲོས་མྱུར་བུལ་གྱི་རྐང་བའི་དབང་གིས་ཚེས་ཞག་རེར་དམའ་བ་ཆུ་ཚོད་ང་བཞི་དང་མཐོ་བ་རེ་བཞིའི་བར་དུ་འཕེལ་འགྲིབ་ཡོད་པས་ཚེས་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་མ་ལོངས་པའི་སྐབས། ཉིན་ཞག་གཅིག་གིས་ཚེས་ཞག་རིལ་བོ་གཅིག་དང་སྔ་ཕྱི་གཉིས་ཀྱི་ངོ་མཐོང་བའི་ཚེ། ཉིན་ཞག་དེ་ལ་མགོ་མཇུག་བར་གསུམ་དུ་འགྲོགས་ཐུབ་པའི་ཚེས་ཞག་རིལ་བོ་དེ་ཆད་པར་བཏགས་སོ། །དེ་ལས་ལྡོག་སྟེ་ཚེས་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུའི་ལྷག་ཡོད་པའི་ཚེས་ཞག་གཅིག་གིས་ཉིན་ཞག་གསུམ་གྱི་ངོ་མཐོང་བའི་ཚེ་ཉིན་ཞག་རིལ་བོ་དང་འགྲོགས་པའི་ཚེས་དེ་ལྷག་པར་བཏགས་སོ། ། གཞན་ཡང་། གཞུང་འགར་ཚེས་ཞག་དང་ཉིན་ཞག་བཤིབས་ཚེ། ཚེས་ཞག་གིས་ཉིན་ཞག་གི་ཡུན་ལ་མ་འདང་སྟེ།ཉིན་ཞག་གཅིག་གི་ཡུན་ཙམ་གྱིས་ཚེས་ཞག་ཐུང་ངུར་གྱུར་ཚེ།ཉིན་ཞག་དེ་ཆད་པར་འདོད། ཚེས་ཞག་དང་ཁྱིམ་ཞག་གཤིབ་ཚེ། ཚེས་ཞག་གིས་ཁྱིམ་ཞག་ཡུན་ལ་མ་འདང་བས་ཁྱིམ་ཞག་ཕྱེད་དང་སོ་གསུམ་སོང་ཚེ་ཚེས་ཞག་རེ་ལྷག་པོར་བུད་པ་བསོག་ནས། ཁྱིམ་ཟླ་ཕྱེད་དང་སོ་གསུམ་གྱི་མཚམས་སུ་ཚེས་ཟླ་རེ་ལྷག་པོར་བུད་པ་ཡིན་པར་གསུངས་སོ། །ལྔ་བསྡུས་ཀྱི་རི་མོ་སྒྲུབ་ནས་ཚེས་ཆད་ལྷག་ལ་ཅི་ལྟར་བལྟ་ཞེ་ན། གཞུང་ལས། གཟའ་གཅིག་ལན་གཉིས་བལྡབས་གྱུར་ན། །ཆུ་ཚོད་མང་བའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །ཅེས་གསུངས་ཏེ། ལོ་ཐོ་ལས་ཚེས་ཁོངས་རེ་རེར་བཀོད་པའི་རེས་གཟའ་དག་པ་དེ་ཚེས་ཁོངས་སྔ་ཕྱི་གཉིས་ཀྱི་ནང་རི་མོ་གཅིག་བྱུང་ཡོད་ན། འོག་གི་ཆུ་ཚོད་གང་མང་བའི་ཚེས་དེ་ཆད། ཡང་ཚེས་ཁོངས་སྔ་ཕྱི་གཉིས་ཀྱི་རི་མོ་རིམ་བཞིན་མ་ཤར་བར་རེས་གཟའ་མཆོངས་ཡོད་ན་ཆུ་ཚོད་ཉུང་བའི་ཚེས་དེ་ལྷག་པ་ཡིན་ཞེས་གསུངས། དཔེར་ན་བོད་རབ་བྱུང་བཅུ་བདུན་པ་ལྕགས་བྱི་ལོའི་བོད་ཟླ་གསུམ་པའི་ཚེས་དགུ་དང་ཚེས་བཅུ་གཉིས་ཀར་གཟའ་བདུན་༼༧༽པ་སྟེ། གཟའ་སྤེན་པ་ལན་གཉིས་བྱུང་ཞིང་། ཚེས་བཅུ་ཡི་ཆུ་ཚོད་༼༥༦༽དེ་ཚེས་དགུ་ཡི་ཆུ་ཚོད་༼༡༽ལས་མང་བས་ཚེས་བཅུ་སྟེ་ཆད་པ་དང་། ཡང་ཚེས་གཅིག་ལ་གཟའ་ཕུར་བུ་དང་། ཚེས་གཉིས་ལ་གཟའ་སྤེན་པ་ཤར་ནས་གཟའ་པ་སངས་མ་ཤར་བར་མཆོངས་ན། ཚེས་གཉིས་ཀྱི་ཆུ་ཚོད་༼༣༽དེ་ཚེས་གཅིག་གི་ཆུ་ཚོད་༼༥༩༽ལས་ཉུང་བས་ཚེས་གཉིས་ཏེ་ལྷག་པར་འདོད། ཡང་གོ་བ་ལེན་ཚུལ་གཞན་ལ་ཟླ་བའི་གོ་ལའི་ས་དཀྱིལ་ལ་ཟླ་རེར་ཐེངས་རེར་བསྐོར་གི་ཡོད་པས། ཟླ་བའི་གོ་ལ་ས་དཀྱིལ་དང་ཉེ་བའི་སྐབས་དང་རིང་བའི་སྐབས་གཉིས་ཡོད། ཉེ་བའི་སྐབས་སུ་ས་དཀྱིལ་དང་བར་ཐག་སྤྱི་ལེ༼༣༦༣༡༠༤༽དང་། རིང་བའི་སྐབས་༼༤༠༥༦༩༦༽ཡིན་པའི་བར་ཁྱད་སྤྱི་ལེ་༼༤༢༥༩༢༽ཡོད།དེས་དབང་གིས་རིང་བའི་སྐབས་ཟླ་བ་སྤྱིར་ཉིན་གཉིས་ལ་བགྲོད་པའི་ས་ཚིགས་ལ་ཉིན་གསུམ་ལ་བགྲོད་དགོས་པའི་ཉིན་ལྷག་པར་འདོད་པ་དང་། ཉེ་བའི་སྐབས་སྤྱིར་ཉིན་གསུམ་ལ་བགྲོད་དགོས་པའི་ས་ཚིགས་ལ་ཉིན་གཉིས་ཀྱིས་ཐོན་པའི་ཉིན་གཅིག་ཆད་པར་བཏགས་སོ། །དེ་ལྟར་རྟོགས་ན་སྐར་རྩིས་རིག་པའི་ཚེས་ཆད་ལྷག་འདོན་པ་ནི་དེང་སང་ཤེས་རྨོངས་འགའ་རེ་ཡིས་རྨོངས་དད་དུ་སེམས་ཏེ་ཉིན་ཚེས་ཡག་པ་ལྷག་པ་དང་ངན་པ་དོར་བར་འདོད་པ་རྣམས་རྨོངས་པའི་གཟའ་ལས་གྲོལ་ལོ། ། སླར་སྨས་པ། སྔར་ཡང་རང་འདྲ་བྱིས་བློ་ཕན་ཕྱིར་ཏུ། ། གོ་དཀའི་གཞུང་དོན་གོ་སླའི་ཚིག་འབྲིད་ནས། ། འཇོན་ཆུང་ཤེས་རྨོངས་གུས་པོས་རབ་བྱེད་འདི། ། ན་མཉམ་གྲོགས་ཀྱི་བློ་ལ་ཕན་ཕྱིར་སྤྲིངས། ། འདས་ལོ་མཁའ་སྟོང་བུག་མིག་ཀུན་ལྡན་ལོའི། ། སྟོན་ཟླ་ཐ་ཆུང་སྨིན་དྲུག་དཀར་ཕྱོགས་ཀྱི། ། རྫོགས་པ་ཟླ་ཡི་གཟའ་སྐར་ཚེས་བཟང་གི ། ཉི་ཤར་འབྲུག་གི་སྔ་ཆར་རྫོགས་པར་དགེ ། ཞེས་ཕྱི་ལོ་མཁའ་མིག་ཐིག་ལག་ལོའི་བོད་ཟླ་ཕྱོགས་ཀྱི་ཚེས་མདའ་ཡི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འཁྲུངས་སྐར་ཉིན་བྲིས་པ་དགེ་ལེགས་འཕེལ། །
|