མཚོ་ལྷོབོད་རིག་གནས་དྲ་བ།
 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

༄༅།།བོད་ཀྱི་གནམ་རིག་ལས་ཉི་འཛིན་གྱི་རྣམ་བཞག་ལ་ཅུང་ཙམ་དཔྱད་པ།

564
发表时间:2023-10-14 00:00作者:སེང་ཁྲི་པདྨ་རྡོ་རྗེ།

WechatIMG565.jpg



༄༅།། བོད་ཀྱི་གནམ་རིག་ལས་ཉི་འཛིན་གྱི་རྣམ་བཞག་ལ་ཅུང་ཙམ་དཔྱད་པ་ཚིག་གི་ཕྲེང་བ།


པདྨ་རྡོ་རྗེ།


སྤྱན་རས་གཟིགས་དང་སྙིང་རྗེའི་སེམས་དཔའ་ཆེ། །

འགྲོ་བའི་བློ་དང་སེམས་ཅན་མོས་པ་བཞིན། །

གང་འདུལ་ཐབས་དང་སྤྲུལ་བའི་སྐུར་སྣང་བ། །

ལྷག་པའི་ལྷ་དང་དབྱེར་མེད་བླ་མར་འདུད། །


འགྲོ་མགོན་ཐུགས་རྗེ་ཅན་གྱི་བླ་མ་དང་། །

གསང་བ་བསམ་མི་ཁྱབ་པའི་ཡེ་ཤེས་ལས། །

རོལ་བ་འབྱམས་སུ་ཀླས་པ་གང་དེ་ནི། །

དཔལ་ལྡན་དུས་ཀྱི་འཁོར་ལོར་དབྱེར་མེད་འདུད། །


དེ་ལ་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། ད་ནི་སྐབས་སུ་བབ་པ་གང་གླེང་བར་བྱ་བ། ཉི་ཟླ་གཟའ་འཛིན་ནི། བོད་ཀྱི་གདོད་མའི་རྩིས་ལ་སྔོན་བྱུང་མཁས་པའི་གསུང་ཚིག་གནའ་བོའི་དུས་ནས་ད་ལྟའི་བར་དུ་མཁས་པ་སོ་སོའི་རིག་པ་དང་མཁྱེན་རབ་ཀྱི་རྩལ་ལས་ཐོན་པའི་ཐབས་ཀྱི་རྣམ་པ་དང་ཤེས་རབ་ཀྱི་སྙིང་པོ་གང་མང་ཞིག་གི་སྒོ་སྣ་ཚོགས་ཀྱི་ཐད་ནས། རང་ཅག་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པའི་གཞུང་ལུགས་གདམས་པ་རྒྱ་མཚོ་ལྟ་བུ་རིམ་པར་དར་བའི་བསྐལ་བ་དང་འབྲེལ་ནས་གྲགས་ཆེ་བ་མཁས་པའི་རྗེས་སུ་འབྲངས་ཏེ་གང་གླེང་བ་ནི་ཉི་ཟླ་སྒྲ་གཅན་གྱིས་སྒྲིབ་པའམ་འཛིན་ཞེས་པ་འདི་ཉིད་ཀྱི་སླད་དུ་ཅུང་ཙམ་སྨྲོས་ན།   ༡ ཐོག་མར་དཔལ་ལྡན་དུས་ཀྱི་འཁོར་ལོའི་དགོངས་པ་དང་འབྲེལ་བའི་ཚུལ་གྱི་ཉི་ཟླ་གཉིས་རླུང་གི་གོ་ལའི་སྟེང་དུ་རང་འགྲོས་ཀྱིས་གཡོན་བསྐོར་དང་། རླུང་འགྲོས་ཀྱིས་གཡས་སྐོར་བར་མ་ཆད་པར་འཁོར་བའི་བར་མཚམས་དག་ཏུ་སྒྲ་གཅན་རྣམ་པ་ཀུན་ཏུ་གཡས་སུ་འཁོར་བའི་དབང་གིས་སྒྲ་གཅན་རང་གཟུགས་ཟླ་བར་ཕོག་ན་༼ཟླ་འཛིན་༽དང་། ཉི་མར་ཕོག་ན་༼ ཉི་འཛིན་ ༽གྱི་རི་མོ་འཁྲུལ་བ་མེད་པར་ལེགས་པར་སྟོན་པའི་བཤད་སྲོལ་གཅིག་དང་།   ཡང་ན་ཉི་མའི་རྟེན་གཞི་བྱས་ནས་སའི་གོ་ལ་གཡོན་དུ་འཁོར་ཞིང་སའི་གོ་ལ་རྟེན་གཞི་བྱས་ནས་ཟླ་བ་གཡོན་དུ་འཁོར་བའི་དབང་གིས་སྐབས་འགར་ཉི་མ་དང་ཟླ་བའི་བར་དུ་སའི་གོ་ལ་ཆུད་ནས་གསུམ་གའང་ཐད་ཀ་ཐད་སོར་ཚངས་ཐིག་གཅིག་ཏུ་བབས་ཚེ་ཟླ་འཛིན་འབྱུང་བ་དང་། ཉི་མ་དང་སའི་གོ་ལའི་བར་དུ་ཟླ་བ་དེ་ལྟར་ཆུད་ཚེ་ཉི་འཛིན་འབྱུང་བར་བཤད་པའི་སྲོལ་ཞིག་ཀྱང་མཆིས་པའོ། །


༡ ཉི་ཟླ་འཛིན་པའི་ཚུལ་ལ་བརྗོད་གཞི་དང་འབྲེལ་བའི་འདོད་ཚུལ་འགའ


ཟླ་འཛིན་ལ་རིགས་གཉིས་སུ་དབྱེ་བ་ཡོད་མོད། རེ་ཞིག་བཞག་ནས་ཉི་འཛིན་གྱི་རིགས་གསུམ་ག་འདི་གར་བརྗོད་ན་རིལ་འཛིན་དང་། གདུབ་འཛིན། ཆ་འཛིན་བཅས་ལས།དང་པོ་ནི། སྒྲ་གཅན་གྱིས་ཉི་མའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྒྲིབ་པའམ་ཁེབས་པ་ལ་རིལ་འཛིན་ཞེས་པ་དང་། གཉིས་པ་ནི། སྔོན་ཆད་བསྒྱུར་བའི་རྒྱ་རྩིས་གཞུང་འདིའི་ཐ་སྙད་མི་འབྱུང་ཡང་གོ་དོན་ནི་སྐབས་འགར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བར་ཁྲིགས་ཀེར་ཚུད་པའི་ཚེ་མཐའ་སྐོར་དུ་ཅུང་མ་ཁེབས་པའི་ཆ་དེར་ཉི་མའི་འོད་གོར་མོ་གདུ་བུ་ལྟ་བུ་སྣང་བ་ལ་ཉི་མ་གདུབ་འཛིན་ཞེས་པ་དང་། གསུམ་པ་ནི། ཉི་མའི་དཀྱིལ་འཁོར་ཆ་བརྒྱའམ་བཅུར་བགོ་བའི་བཤད་པ་ལ་རགས་ཞིབ་ཀྱི་དོན་མི་འདྲ་བ་མེད་ཀྱང་བཅུ་ཆའི་གཅིག་ནས་དགུ་ནས་བཅུའི་བར་དུ་གང་ཡིན་ཡང་ཆ་འཛིན་དུ་གོ་བ་ཡིན་པར་གསལ།


5551697171882_.pic.jpg


སྤྱི་ཙམ་གྱི་ཉི་ཟླ་འཛིན་པའི་ཕྱོགས་ཙམ་ནི།


ཉི་ཟླ་གང་འཛིན་པ་ཡིན་ཡང་དཀར་ནག་ཚིགས་མཚམས་ནས་འཛིན་ཞེས་གསུང་བའི་དོན་ནི། ཟླ་འཛིན་གྱི་སྐབས་སུ་བཅོ་ལྔའི་ཟླ་བ་དཀར་པོའི་ཆ་ཡོངས་སུ་རྫོགས་ཤིང་གང་ནས་ནག་ཆ་ཅུང་ཟད་ཡང་མེད་པའི་བཅོ་ལྔའི་དགོང་མོའི་སྐབས་དེར་ཟླ་འཛིན་ཡིན་པར་བརྗོད། ཉི་འཛིན་ནི་གནམ་སྟོང་ཡིན་པས་དེའང་དཀར་ནག་གི་མཚམས་ལས་དཀར་པོའི་ཆ་ཅུང་ཡང་མེད་པའམ་དཀར་ཆ་མ་འདྲེས་པའི་གནམ་སྟོང་ངམ་མར་ངོའི་ཐ་མའི་ཉིན་དེར་༼ ཉི་འཛིན་༽ཞེས་བརྗོད་ཀིན་ཡོད། སྐར་རྩིས་ལྟར་ན་ཉི་འཛིན་དང་ཟླ་འཛིན་འདི་ལ་ཆད་པ་དང་ལྷག་པ་གང་ལྟར་མེད་པར་ཟླ་འཛིན་ཡིན་ན་ཚེས་ ༡༥ ཉི་འཛིན་ཡིན་ན་ཚེས་ ༣༠ ཡིན་ན་རིགས་ཤིང་འཐད། ཧོར་ཟླ་སོགས་ཀྱི་བརྩི་སྟངས་བཞིན་དུ་༡༦- ༡༨ ལ་ཟླ་འཛིན་མི་འབྱུང་བའི་རྒྱ་རྩིས་ལྟར་ཆད་ལྷག་མེད་པར་བགྲངས་དགོས།


༈ ཉི་ཟླ་གཟའ་འཛིན་རྒྱུ་མཚན་གྱི་སྒོ་ནས་བཤད་པ།


༡ འདིའི་སྐབས་སུ་སྔོན་རྒྱ་གར་གྱི་གྲུབ་མཐའ་ཞིག་སྟེ་མངོན་རྗེས་ལུང་གི་ཚད་མ་དང་དཔེ་ཉེར་འཇལ་གྱི་ཚད་མ་བཅས་བཞིར་འདོད་པའི་ཐོག་རྟགས་ཡང་དག་དང་ལྟར་སྣང་སྐོར་གྱི་ཚུལ་སྨྲ་བ་རིག་བྱེད་པའི་ལུགས་གཏམ་རྒྱུད་དང་སྦྱར་བ་གཅིག   ༢ མདོ་སྡེ་བའི་ལུགས་དང་གཉིས།   ༣ སྔགས་ཀྱི་རྒྱུད་ཕྱི་མ་བའི་ལུགས་གསུམ་བཅས་ཡོད་པ་ལས།


༼ ༡ ༽ ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། གང་ཚེ་འདོད་ཆགས་ཞེ་སྡང་གིས་ནི་ལྷ་མིན་སོགས་དྲངས་ནས།ཞེས་པ་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་དེ་ལས་གསུངས་བ་དང་། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་སྨོས་པ་ཡིན་ཏེ་འདོད་ཆགས་ནི་རིན་པོ་ཆེ་ལ་ཆགས་ཤིང་ཞེན་པའོ། །ཞེ་སྡང་ནི་གཞན་ལ་གནོད་པ་བྱ་བའི་སེམས་ཏེ་དེ་འཆར་བར་བྱེད་པ་ནི་དགྲ་བོ་རྣམས་ལ་སྡང་བར་བྱེད་པའོ། །དེ་བས་འདོད་ཆགས་དང་ཞེ་སྡང་དེ་དག་གིས་ལྷ་དང་ལྷ་མིན་ཞེས་བྱ་བ་ནི། བདུད་རྩི་བསྟེན་པ་དང་མི་བསྟེན་པའི་བྱེ་བྲག་གི་ཁྱད་པར་གྱིས་འོ་མ་བསྲུབས་ཚུན་ཆད་འདི་གཉིས་བྱུང་བ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། ཚངས་པས་བསྒོ་བས་ཕྱོགས་གཅིག་ནས་ནི་ལྷ་རྣམས། །ཕྱོགས་ནས་ཞི་ལྷ་མ་ཡིན་རྣམས་འདུས་ནས་རི་བོ་མནྡ་རའི་སྟེང་ནས་ནི་ཁྱབ་འཇུག་གིས་བཟུང་། །ཀླུའི་རྒྱལ་བོ་ནོར་རྒྱས་སྲུབས་ཐག་བྱས་པ་ལས། འོག་ནས་རུས་སྦལ་གྱི་རྒྱབ་ཀྱིས་བརྟེན་ཏེ་འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསྲུབས་པར་གྱུར་ཏོ། །དེ་ནས་ཤིན་ཏུ་འཇིགས་སུ་རུང་བའི་དུག་གི་སྐྱེས་བུ་ནག་པོ་བརྩེགས་བ་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དང་། དེ་ཁྱབ་འཇུག་གིས་མེད་པར་གྱུར་ན་དྲན་པ་སྟོར་ཏེ་ས་ལ་འགྱེལ་བར་གྱུར་ནས་ཅང་མི་སྨྲ་བར་གནས་པ་དང་ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲོན་པར་བཞག་པར་གྱུར་ཏོ། །དེས་དེའི་མགྲིན་པའང་སྔོན་པོར་གྱུར་ཏོ། །དེ་ནས་ཟླ་བ་ཚེས་པ་བྱུང་བར་གྱུར་བ་དང་། །ལྷ་ཆེན་པོས་བླངས་ཏེ་མགོ་ལ་བཞག་གོ། །དེ་ནས་དཔལ་མོ་ཞེས་བྱ་བ་བྱུང་སྟེ། །རང་ཉིད་ཀྱིས་ཁྱབ་འཇུག་བླངས་ཏེ་ལུས་པོ་དེའི་འོག་ཏུ་རྟ་མགྲིན་རིང་དང་ཤིང་ཡོངས་འདུ་ལ་སོགས་པ་བྱུང་སྟེ་དེ་དག་གི་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ཀྱིས་ཅི་རིགས་པར་ཁྱེར་རོ། །དེ་ནས་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་དང་། ཁྱེད་སུ་ཡིན་ཞེས་དྲིས་པ་ན། ང་ནི་ཆང་ཞེས་བྱ་སྟེ་འཐུང་ན་མྱོས་པ་དང་།བརྒྱལ་བ་དང་། དྲེགས་པ་ལ་སོགས་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང་། ལྷ་མ་ཡིན་རྣམས་འཇིགས་ནས་མ་འཐུང་པར་གྱུར་བ་དང་། ལྷ་རྣམས་ཀྱིས་འཐུང་བ་ན་ལྷ་ཞེས་བྱ་བར་གྱུར་ཏོ། །བདུད་རྩི་བྱུང་བ་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་བར་གྱུར་པ་དང་། ལྷ་རྣམས་ཤིན་ཏུ་ཡི་མུག་པར་གྱུར་ན་ཁྱབ་འཇུག་གིས་ནི་ཤིན་ཏུ་ཡིད་དུ་འོང་ཞིང་གཟུགས་བཟང་བའི་བུད་མེད་གཟུགས་སུ་བསྒྱུར་ཏེ་དེར་སོང་ལ་བརྒྱ་བྱིན་ཡང་མི་སྣང་བའི་གཟུགས་ཀྱིས་ནམ་མཁའ་ལ་འདུག་གོ། །དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་བདུད་རྩི་སྲུང་མར་བཞག་གོ། །རང་ཉིད་ནི་ཁྲུས་ལ་སོང་སྟེ་ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྤྱོད་འགྱུར་བས། །ཁྲུས་མ་བྱས་པར་ཟས་མི་ཟ། །ཞེས་སྨོས་པའི་ཕྱིར། དེ་དག་ཁྲུས་ལ་སོང་ངོ་། །སྐབས་དེར་ཁྱབ་འཇུག་དང་བརྒྱ་བྱིན་གྱིས་བདུད་རྩི་བཀུས་ཏེ་བརྒྱ་བྱིན་གྱི་ཁང་བར་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ཏེ་སླར་ལོག་པ་དང་། །བདུད་རྩི་མ་མཐོང་ནས་འཚོལ་བར་བརྩོན་པ་ན་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་ཐོས་ནས། ལྷ་རྣམས་ནི་སྟེང་དུ་འགྲོ་བ་ཡིན་པས་ལྷ་མ་ཡིན་པ་བདེན་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པས་ན། སྒྲ་གཅན་འཛིན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ། དེར་ཞུགས་ནས་བདུད་རྩིའི་སྐལ་བ་ཐོབ་པ་དང་། ཉི་མས་མཐོང་སྟེ་ཁྱབ་འཇུག་འདི་སྒྲ་གཅན་འཛིན་ནོ་ཞེས་སྨྲས་པ་དང་། དེའང་འཁོར་ལོས་མགོ་བཅད་པར་གྱུར་ལ། འོན་ཀྱང་བདུད་རྩི་ལ་ལོངས་སྤྱོད་ཅིང་བལྡགས་པས། མགོ་བོ་ནི་དེང་སང་ན་ཡང་གནས་ལ། ལུས་ལྷག་མ་རྣམས་ནི་ཤི་བར་གྱུར་ཏོ། །དེ་ནས་སྒྲ་གཅན་འཛིན་དང་ཉི་མ་ཞེ་འགྲས་པར་གྱུར་པས།གང་གི་ཚེ་ཉི་མའི་དཀྱིལ་འཁོར་འགེབས་ཤིང་འགྲིབ་པར་བྱེད་པ་ཡིན་ཞེས་གཏན་དུ་གྲགས་གོ་ཞེས་དང་། འཕགས་བསྟོད་ལས། གཞན་གྱི་འདོད་པ་བཀོད་པར། སྒྲ་གཅན་ལག་པས་ཟླ་བ་ཡང་། །དབང་མེད་པར་ནི་མིད་པ་ལགས། །ཞེས་པ་འགྲེལ་བ་ཤེས་རབ་གོ་ཆས་མཛད། སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར་དུ་བདུད་རྩིའི་ཆུས་ཁྱབ་པར་གྱུར་བ་དང་དེས་དེའི་འོག་གི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེ་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུ་བོ། གནས་སྐབས་དེ་ནས་བརྩམས་ཏེ་ས་གསུམ་སྣང་བར་བྱེད་པའི་ཉི་མ་དང། ཟླ་འཛིན་བྱེད་པ་ཡིན་ཞེས་དང་། དེས་མཚུངས་པར། གསོ་བྱེད་ཡན་ལག་བརྒྱད་པར། སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་པའི་སྲུབས་པ་ན། །བདུད་རྩིའི་འབྱུང་བའི་སྔོན་རོལ་དུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །མཆེ་བ་བཞི་བ་གཟི་བརྗིད་ཆར། །སྐྲ་སེར་མིག་ནས་མེ་འཆར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །དེས་ན་འདི་ནི་དུག་ཅེས་བྱ། །ཞེས་དུག་གི་ལོ་རྒྱུས་དང། དེ་བཞིན་དུ་སྒོག་སྐྱའི་ལོ་རྒྱུས་ལ། དེ་ཉིད་ལས། སྒྲ་གཅན་བདུད་རྩི་བརྐུ་བ་ན། །སྐེ་བཅད་པ་ལས་འཛགས་འགྱུར་བའི། །བདུད་རྩི་ཐིག་པ་སར་ལྷུང་བ། །སྒོག་སྐྱ་ཉིད་དུ་གྱུར་བ་ཡིན། །ལྷ་མིན་ལས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེ་དེ་མ་ཟ། །ཞེས་པ་ལྟ་བུ་དང་།


༼ ༢ ༽ མདོ་སྡེ་བས་ཚུལ་ནི། དྲན་པ་ཉེར་བཞག་ལས། ཀྱེ་མ་ཉི་མའི་ལན་གྱིས་ལྷའི་བུ་མོ་རྣམས་བདག་གིས་བལྟ་བར་མ་ནུས་སོ་སྙམ་སྟེ་ཁྲོས་པའི་མིག་རྩ་དམར་དམར་པོར་གྱུར་ཅིང་ལག་པས་ཉི་མའི་དཀྱིལ་འཁོར་སྒྲིབ་པར་བྱེད་དོ་ཅེས་གསུངས། ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་གསར་ཉི་མའི་མདོ་ཞེས་བྱ་བ་ལས། དེའི་ཚེ་ལྷའི་བུ་ཉི་མ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་བཟུང་ངོ་། །དེ་ནས་ལྷའི་བུ་ཉི་མས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་དེ། དེའི་དུས་ཚིགས་བཅད་འདི་གསོལ་ཏོ། །སངས་རྒྱས་དཔའ་བོ་དེ་ལ་འདུད། །ཐམས་ཅད་མྱུར་དུ་གྲོལ་བར་བགྱི། །བདག་འདིའི་ཁ་རུ་བཅུག་པས་ན། །བདག་ནི་ཁྱེད་ལ་སྐྱབས་སུ་མཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཉི་མའི་ཆེད་དུ་ལྷ་མ་ཡིན་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་བ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས། །དགྲ་བཅོམ་དེ་བཞིན་གཤེགས་པ་ལ། །ཉི་མ་སྐྱབས་སུ་སོང་བས་ན། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོངས། །གང་ཞིག་མུན་པ་སྣང་བས་སེལ་བར་བྱེད། །རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན། །ནམ་མཁའི་ཉི་མ་སྒྲ་གཅན་བསྒྲིབས་མ་བྱེད། །ཉི་མ་འདི་ནི་སྒྲ་གཅན་གྱིས་ཐོངས་ཞིག །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ཉི་མ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཚིགས་སུ་བཅད་པས་སྨྲས་པ། ཅིའི་ཕྱིར་ཡིད་ནི་སྐྲག་པར་གྱུར། །སྒྲ་གཅན་འཛིན་བྱས་ཉི་མ་ཐོངས། །གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན། །ཅིའི་ཕྱིར་འཇིགས་པས་འདི་རུ་ལྷག །དེས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི། །བདག་གིས་ཉི་མ་བཏང་བ་ན། །མགོ་བོ་ཚལ་བ་བདུན་འགས་ཤིང་། །འཚོ་བ་ལ་ནི་བདེ་བ་མེད། །ཅེས་དང། དེ་བཞིན་དུ་འགྱུར་དེ་གའི་ཟླ་བའི་མདོ་ཞེས་པར་ཡང་། ཉི་མ་དང་ཟླ་བ་བརྗེས་པ་ཙམ་མ་གཏོགས་གཞན་ཚིག་རིགས་མཐུན་པར་གསུངས། མྱང་འདས་ཀྱི་མདོ་ལས། རིགས་ཀྱི་བུ། གཞན་ཡང་ལྷ་མ་ཡིན་སྒྲ་གཅན་འཛིན་ལག་པས་ཟླ་བ་བཀབ་པ་ན་འཇིག་རྟེན་པ་དག་ནི་ཟླ་བ་ཤིའོ། །ཞེས་ཟེར་ཏེ། ཡང་དག་པར་ལྷ་མ་ཡིན་གྱི་རྒྱལ་བོས་ཟླ་བ་བསད་པ་མ་ཡིན་གྱི་སྣང་བ་བསྒྲིབས་སུ་ཟད་དོ། །ཞེས་གསུངས། བཀའ་དགོངས་འགྲེལ་རྒྱལ་བ་བྱམས་པས་མཛད་པའི་རྒྱུད་བླ་མ་ལས་ཀྱང་། སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་ཞེས་གསུངས།


༼ ༣ ༽ རྒྱུད་སྡེ་འགའ་གསུངས་ཚུལ་ནི། གསང་སྔགས་རྗེས་འཛིན་ལས།འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱི། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ལྷམ་མེར་མཛེས་ལ་དཀའ་བ་དང་། །རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་མ་མྱུར་ཏུ་ཐོངས། །ཞེས་གསུངས། སྤྱིར་མདོ་སྡེ་ལ་དྲང་དོན་དང་ངེས་དོན་གཉིས་སུ་ཡོད་པའི་དྲང་དོན་ནི་རིག་བྱེད་ལ་སོགས་ཉི་ཟླ་སྒྲ་གཅན་གྱིས་ཟོས་པར་འདོད་པ་དང་། ཁ་ཅིག་གིས་ནི་འཁོར་ལོ་དང་པོ་ནས་བདེན་པ་བཞི་གཙོ་བོར་བཏོན་པའི་ཆོས་ཀྱི་སྡེ་ཡིན་པས་སྡུག་བསྔལ་བདེན་པ་དང་། དེ་ཡང་ཀུན་འབྱུང་བདེན་པ་ལས་བྱུང་བའི་ལས་རྒྱུ་འབྲས་ཡལ་བར་བོར་ནས། ས་གཡོས་གཟའ་འཛིན་སོགས་ཀྱི་འབྲས་བུ་ལ་བརྟེན་ནས་འཇིག་རྟེན་དུ་བདེ་སྡུག་འབྱུང་བ་སོགས་འདོད་པ་རྣམས་འགོག་པའི་ཕྱིར་དུ་སྣོད་བཅུད་ཀྱི་ཆགས་ཚུལ་དང་གནས་ལུགས་སོགས་ཀུན་རྫོབ་བདེན་པ་གཙོ་བོར་བྱས་ནས་དྲང་དོན་དུ་གསུངས། མྱང་འདས་སུ་དོན་སངས་རྒྱས་ཀྱི་རང་བཞིན་འགྱུར་བ་མེད་པ་སོགས་ངེས་དོན་ཡིན་ནའང་དཔེ་དེ་ལྟ་བུ་ཐ་སྙད་ཀུན་རྫོབ་ཀྱི་སྒོ་བསྟུན་པ་དང་། རྒྱུད་བླའི་ལུང་སྒྲ་གཅན་གྱི་ཁ་ནས་ཐར་ཞེས་དང་། གཞན་ལས་ཟླ་བ་སྤྱང་ཀིས་ཟིན་ཞེས་དང་། དུས་ཀྱི་འཁོར་ལས་ཀྱང་གང་གིས་ཉི་ཟླ་ཟ་ཞིང་སོགས་གསུངས་པ་ནི། སྙན་ངག་གི་མཛེས་རྒྱན་ཙམ་དང་རྒྱ་དཔེའི་སྐད་དོད་ལས། གྲ་ས་ཏི། ཞེས་འབྱུང་བར་གསུངས་བ་དང་། གྲོང་རྩིས་བ་ཁ་ཅིག་གིས་ནི་དྲན་པ་ཉེར་གཞག་གི་སྒྲ་གཅན་ལོ་རྒྱུས་དང་། ཡང་མདོ་དེ་ལས་སྤྱིར་ལྷ་དང་ལྷ་མ་ཡིན་གཡུལ་སྤྲོད་པའི་ཚུལ་གཉིས་ཀྱི་ལོ་རྒྱུས་བསྲེས་ནས་ལྷ་དང་ལྷ་མ་ཡིན་གཡུལ་སྤྲོད་པའི་སྐབས་ལྷ་མིན་གྱི་མིག་གིས་ཉི་ཟླའི་འོད་མ་བཟོད་པར་བསྒྲིབས་སོ་ཟེར་བ་སོགས་ནི་མདོ་དངོས་མ་མཐོང་བར་རང་བཟོ་རྒྱུན་འབྱམས་པ་ལྟ་བུའི་སྐྱོན་ལགས་ཞེས་གསུངས། དུས་འཁོར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བ་རྣམས་ཀྱི་དག་པ་དང་སྦྱར་ནས་གསུམ་གྱི་དབང་དུ་བཏང་ནས་ཁམས་ལེའུ་ང་གཉིས་ལས། ཚིགས་མཚམས་སུ་ཡང་སྒྲ་གཅན་གདོང་དང་མཉམ་པར་འགྲོ་སྟེ་མངོན་ཏུ་ཕྱོགས་པར་འཛིན་པ་ཁོ་ནའོ། །དེ་བཞིན་དུ་ཟླ་བའམ་ཁམས་དྲུག་གི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཟླ་བ་དྲུག་པའོ། །དེ་ལྟར་ཉི་མའི་དུས་ཀྱི་དབྱེ་བ་རྐང་བའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་ཞུགས་ཞེས་གནམ་སྟོང་པའོ། །རིག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར་ཞེས་གསུངས། གཞན་དུས་ཀྱི་འཁོར་ལོ་ལས་ཉི་ཟླ་སྒྲ་གཅན་གསུམ་གཙོ་བོ་ཡབ་ཡུམ་གྱི་གདན་དུ་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ནི་རོ་རྐྱང་གི་རང་བཞིན་ཡིན་པས་ཉི་ཟླ་སྟེ། དེའི་རྟེན་འབྲེལ་གྱིས་ཀྱང་སེམས་ཅན་གྱི་སྣང་ཚུལ་ལ་ཉི་ཟླ་སྒྲ་གཅན་ཞུགས་པའི་སྣང་བར་འབྱུང་བར་གསུངས་སོ། །ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻ་ཌཱུར་དཀར་པོ་ལས། ཉི་ཟླ་སྒྲ་གཅན་འཇུག་ཚུལ་མདོ་ཙམ་བརྗོད་པ་དེ་ལས་ཀྱང་། སྟོན་པའི་ཞལ་ལུང་དཔྱད་གསུམ་རྣམ་དག་འདིས། །རྟོགས་དཀའི་དཀའ་གནད་མ་ལུས་ཉེར་བསལ་བས། །བསྟན་བཅོས་གཞན་རྣམས་བསྒྱུར་ལ་སུ་ཞིག་བསྙོན། །དེ་ཕྱིར་ཉ་སྟོང་ཟླ་ཉའི་དཀྱིལ་འཁོར་ལ། །དྲག་ཤུལ་སྟོབས་ལྡན་སྲིད་གསུམ་རྣམ་རྒྱལ་རྒྱས། །སྒྲིབ་འདིའི་རྒྱུ་རྐྱེན་བཤད་ལས་མདོ་རྒྱུད་དང་། །རིག་བྱེད་དུས་འཁོར་ཕྱི་ནང་གཞན་གསུམ་སོགས། །གང་ཡང་མ་མཐོང་ངག་རྒྱུན་བསྲེས་ལྷད་ཀྱིས། །མུ་ཅོལ་སྨྲ་བའི་ལོ་རྒྱུས་འགའ་མཐོང་བས། །གཞུང་ལུགས་དགོངས་དོན་མ་འདྲེས་དོན་བསྒྲུབས་པའི། །ལོ་རྒྱུས་ཐོ་ལོང་བརྗོད་ལ་དྲང་བདེན་དང་། །ཐུན་མོང་བ་དང་ངེས་དོན་ལ་སོགས་པའི། །རྣམ་པ་བཅུ་རུ་བཤད་ལ་དྲང་བའི་དོན། །སྡེ་སྲིད་ཀྱི་གཡའ་སེལ་ལས། ཉི་ཟླ་གཟའ་འཛིན་བྱེད་པའི་ཐད་ནས་ཀྱང་། ཉི་ཟླ་ལ་སྒྲ་གཅན་འཇུག་པའི་ཚུལ་ཙམ་འཇིག་རྟེན་དུ་བྱེད་གཞན་ལ་ལྟོས་ཏེ་དུས་རེ་ཞིག་བར་མ་མཐུན་ཙམ་རྟོགས་པའི་དབང་གིས་འཇམ་དཔལ་གྲགས་པས་གསལ་བར་མ་གསུངས་ཞེས་པ་དང་། ཁམས་ལེའུ་ང་གཉིས་པའི་འགྲེལ་བར་ཡང་། དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་བྱ་སྟེ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པའི་ཕྱིར། འདི་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པས་མ་མཛད་དོ་ཞེས་ཀྱང་གསུངས། རྒྱ་ཕྲུག་གི་འགྲེལ་པར་ཡང་། འདིར་ནི་བསྡུས་པའི་སླད་དུ་འཇམ་དཔལ་གྱིས་གསལ་བོར་མ་བསྟན་ཞེས་ཀྱང་གསུངས། སྔོན་བྱོན་མཁས་པ་ཁ་ཅིག་གིས་ཀྱང་། ཉི་ཟླ་སྒྲ་གཅན་གྱི་ལོངས་སྤྱོད་རྩ་རྒྱུད་ཀྱི་དགོངས་པ་དང་མཐུན་པ་སྔོན་དམ་པ་གོང་མའི་བཀའ་དྲིན་ལས་རྟོགས་པའི་་དབང་གིས་ད་ལྟ་བྱེད་པའི་ཚུལ་ལས་རྣམ་པར་དག་པ་རིགས་པས་བསྒྲུབས་ཏེ་མངོན་སུམ་ཚད་མ་དང་འབྱོར་ཙམ་ཞིག་སྤྲོ་ཞེས་གསུངས། རྩ་རྒྱུད་ལུང་འདྲེན་དུའང་། མདུན་གྱིས་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱིས་ཉ་བ་ཉི་མའོ། །ཞེས་གསུངས། ཁམས་ལེའུ་གྱ་དྲུག་པར། ཚིགས་མཉམ་ཞེས་པ་ལ་སོགས་པ་སྟེ། ཚིགས་མཚམས་ནི་ཉའི་མཐའ་མ་གནམ་སྟོང་གི་མཐར་རོ་ཞེས་གསུངས། མཐོང་ཐོས་དོགས་གསུམ་གྱི་སྐོར་དང་འབྲེལ་བའི་ཉི་འཛིན་གྱི་ཚུལ་ཙམ་རགས་རིམ་པ་ཙམ། སྐར་རྩིས་ཀྱི་ལུགས་བཞིན་དུའམ་ཡང་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་བཞིན་རགས་ཙམ་ཞུས་པ་ལ། ཕྱི་དུས་ཀྱི་འཁོར་ལོ་ལས། ཕྱི་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་ནང་གི་རྩ་རླུང་ཐིག་ལེ་གཏན་ལ་ཕབས་ནས་བསྐྱེད་རིམ་དང་རྫོགས་རིམ་ལམ་དུ་ཞུགས་ནས་འཚང་རྒྱའོ་གསུངས། ཕྱི་དུས་འཁོར་ལས་ཉི་ཟླ་གཟའ་རྣམས་ནམ་མཁའི་དབྱིངས་སུ་རང་འགྲོས་ཀྱི་གཡོན་དུ་འཁོར་བར་གསུངས་བ་དང་། རླུང་གི་གོ་ལ་དེའི་སྟེང་ན་ཁྱིམ་བཅུ་གཉིས་དང་སྐར་མ་ཉེར་བརྒྱད་ཕྲ་བཏབ་པ་བཞིན་དུ་གནས་ནས་རླུང་གི་དེད་ནས་གཡས་སུ་འཁོར་བ་དེ་ལ་སྣང་འགྲོས་ཞེས་གསུངས། རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས།ཉི་འཛིན་གྱི་ཚུལ་བཤད་པ། འདིར་འགྲེལ་ཆེན་ལས། དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་པར་བྱ་སྟེ། བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་ཕྱིར། འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །ཅེས་གསུངས་བ་དང་། དུས་ཚིགས་ལ་དྲུག་ཏུ་ཕྱེ་བའི་དུས་ཚིགས་གསུམ་འདས་པའི་ཚེས་གྲངས་དཀར་པོའི་ཚེས་བཅོ་ལྔ་དང་ནག་པོའི་ཚེས་གཅིག་གི་ཚིགས་མཚམས་དང་། ནག་པོའི་གནམ་གང་དང་དཀར་པོ་ཚེས་གཅིག་གི་མཚམས་སུ་ཉི་ཟླ་སྒྲ་གཅན་གྱིས་འཛིན་པར་བྱེད་དོ། །ཞེས་པ་དང་། ཟླ་བའི་མདོ་ལས། ལྷའི་བུ་ཟླ་བ་དང་ལྷ་མིན་སྒྲ་གཅན་གྱིས་བཟུང་བར་གྱུར་པ་ན་འཇིགས་ཤིང་སྐྲག་པས་བཅོམ་ལྡན་འདས་ལ་སྐྱབས་གསོལ་བར་བཤད་པ་སོགས་ནི་དྲང་དོན་དགོངས་པ་ཅན་ཡིན་ལ། ངེས་པའི་དོན་ལ། ནང་དུ་དབུ་མ་སྟོང་པའི་རང་བཞིན་ནམ་མཁའི་ཁམས་སྒྲིབ་ཐོགས་དང་བྲལ་བ། ཡར་སྣ་ཆུའི་ཁམས་དཔྱིད་ཀྱི་གོང་བུ་དང་། མར་སྣ་མེའི་ཁམས་འབར་བའི་ཐིག་ལེ་དང་ལྡན་པའི་གནད་ཀྱིས། ཕྱི་རོལ་དུ་ཡང་སྒྲ་གཅན་གྱི་ལུས་སྟོང་པ་ནམ་མཁའི་ཁམས་ཡིན་ལ་དེས་མི་སྒྲིབ་ལ། འདིར་སྒྲིབ་བྱེད་ནི་གདོང་ཆུའི་རང་བཞིན་ནག་པོ་མུན་པའི་བདག་ཉིད་དང་། མཇུག་མ་མེའི་ཁམས་དམར་པོ་འབར་བའི་རང་བཞིན་ཅན་གཉིས་སོ། །རྩ་རྒྱུད་ལས། ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཉི་མ་ཟླ་བ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །ཞེས་གསུངས་པ་སོགས་མང་ངོ་། །

5581697171925_.pic.jpg

སྒྲ་གཅན་གི་གདོང་དང་མཇུག་གཉིས་ཀྱི་ཁྱད་པར་བཤད་པ་ལ།


སྔོན་གྱི་རྒྱ་གར་བའི་གཏམ་རྒྱུད་དང་སྦྱར་ན་གདོང་མཇུག་གཉིས་གཅིག་ཏུ་འདོད་པའི་ཐལ་བ་ཡང་ཡོད། གདོང་ངམ་ངོ་དང་མཇུག་གམ་རྔ་མ་མ་གཏོགས་མེད་པར་བརྗོད་ཀིན་ཡོད། སྔོན་དུ་མགོ་ལུས་ཡོངས་རྫོགས་ནམ་མཁའི་གོ་ལའི་ཕྱེད་ཀ་ཡོངས་སུ་རྫོགས་པ་ཁྱབ་པར་གསུངས། ལྷ་དང་ལྷ་མིན་འཁྲུགས་ནས་འཁོར་ལོ་དང་མཚོན་སོགས་ཀྱིས་བརྒྱབས་ནས་ལུས་བསྲེགས་ནས་མེད་པའི་མགོ་དང་མཇུག་ཅེས་བཤད་སྲོལ་ཡོད་པར་སྣང་། སྒྲ་གཅན་གྱི་གདོང་དང་མཇུག་གཉིས་ཀྱི་རང་འགྲོས་ཀྱིས་གཡས་སུ་འཁོར་ནས་ཉི་ཟླ་གཟའ་བདུན་སོགས་གཡོན་དུ་འཁོར་བ་ལ་ཕན་ཚུན་གདོང་ཐུག་ལ་གདོང་དང་མཇུག་གང་ཡིན་ན་དེ་ལ་གདོང་འཛིན་དང་མཇུག་འཛིན་ཞེས་པའི་སྐར་རྩིས་པའི་ཐ་སྙད་བཏགས་པར་སྣང་། དེ་བཞིན་དུ་ཉི་ཟླ་གཉིས་ལའང་དེ་ཡོད་པར་གསུངས། སྐར་མ་གང་དང་མཉམ་དུ་གདོང་ཐུག་པ་དེས་སྐབས་དེར་སྒྲ་གཅན་གྱིས་ཉི་ཟླ་གཉིས་ཀྱི་འོད་བསྒྲིབས་པའམ་གཡོགས་པ་ཡིན་པར་གསུངས། དེ་འང་ཕལ་སྐད་དུ་སྒྲ་གཅན་གྱིས་ཉི་མ་འཛིན་པའམ་བཟུང་ཞེས་སྨྲ་བ་དེ་ཡིན། འཛིན་པ་ཞེས་པ་དེ་གཏམ་རྒྱུད་ཅིག་གི་ཤན་འདྲེས་པ་ལས་དྲང་བའི་དོན་དུ་མུན་པས་འོད་བསྒྲིབས་པ་ཡིན།སྒྲ་གཅན་ཁོ་རང་ངོ་བོ་ཉིད་ནས་འོད་མེད་པ་དེ་མུན་པའི་ངོ་བོ་ལ་གནས་པ་ཞིག་ཡིན། མུན་པ་ཅན་ཞེས་པ་སོགས་མངོན་བརྗོད་དང་ཚིག་མཛོད་སོགས་སུའང་གསལ།


ཉི་མ་སོགས་ཀྱི་འཁོར་བསྐྱོད་ཀྱི་ཚུལ་ནི།


གོ་ལ་ཞེས་པ་ནི། དཔལ་དུས་ཀྱི་འཁོར་ལོ་སྤྱི་དོན་གྱི་སྒོ་ནས་གཏན་ན་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས། གོ་ལ་ཞེས་པ་སཾ་སྐྲྀ་ཏའི་སྐད་ཡིན་ལ་སོགས་དང་། ཉི་མའི་གོ་ལ་སྟེང་འོག་ཏུ་མཐོ་དམན་གྱི་ཚུལ་དུ་འཕྱུགས་པའི་འགྱངས་ཁྱད་ནི་དཔག་ཚད་སྟོང་ཕྲག་བཅུ་གཅིག་ཡིན་ཏེ། བྱང་བགྲོད་མཐར་ཐུག་ལ་དུམ་བུ་སོ་སོའི་ས་མཐིལ་ནས་སྟེང་དུ་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་གི་ནམ་མཁའ་ལ་འགྲོ་ལ་ལྷོ་བགྲོད་ཀྱི་མཐར་ཐུག་གི་ཉིན་བདུན་ཅུ་རྩ་ལྔ་ནས་འགྲོ་བས་སོ་གསུངས་བ་དང་། གཞན་ཡངརྒྱ་གར་བས་སྙད་བཏགས་པའི་མིང་ཞིག་ཡིན། བོད་མཁས་པ་ཁ་ཅིག་གིས་གོ་ལ་སྒང་གཤོང་ནི་ཉི་མ་དང་ཟླ་བ་སོགས་ལྷུན་པོའི་སྟེང་དུ་ཡང་ན་མཐོ་བ་དང་ཡང་ན་དམན་བ་སོགས་རྒྱུ་ལམ་དྲང་མོ་མིན་པ་ལྟ་བུ་ལ་སྒང་གཤོང་ཞེས་བཤད། དེ་བཞིན་དུ་གོ་ལ་ཟླུམ་པོ་ལའང་རི་རབ་དང་གླིང་ཕྲན་གྱི་སྟེང་དུ་གདུགས་ཀྱི་རྣམ་པའི་གནས་པས་ན་ཟླུམ་པོ་ཞེས་བཤད་ཀིན་འདུག ཉི་མ་དང་སྒྲ་གཅན་གཉིས་ཀྱི་རྒྱུ་ལམ་ཐད་ཀར་གདོང་ཐུག་བརྒྱབས་པ་ལ་ཧྲིལ་འཛིན་དང་དེ་གཉིས་ཀྱི་རྒྱུ་ལམ་ལ་མཐོ་དམན་བྱུང་བ་ལ་ཆ་འཛིན་ཞེས་སྨྲ་བ་དང་། མདོ་དྲན་པ་ཉེར་བཞག ཉི་མའི་མདོ། ཟླ་བའི་མདོ་སོགས་ལས་སྒྲ་གཅན་གྱིས་ཉི་ཟླ་ཟ་ཞེས་པས་དེ་ལྟར་གསུངས་ཀྱང་། ཡང་ན་ལྷ་བུ་ཉི་མ་ལྷ་མིན་སྒྲ་གཅན་གྱིས་ལག་པས་ཉི་མ་བསྒྲིབས་པ་གཡོགས་ཞེས་པ་དེ་འཐད་ཀྱང་རིགས་པར་སྙམ་མོ། །


དགེ་བའི་འགྱུར་སྟོབས་ཀྱི་ཁྱད་པར་བཤད་པ་ནི།


ཕྱི་དུས་ཀྱི་འཁོར་ལོ་དེ་ནང་གི་དུས་འཁོར་སྦྱར་བ་ནི་མིའི་ལུས་སྟེང་གི་སྔགས་ཕྱོགས་ན་རྩ་དབུ་མ། རོ་མ། རྐྱང་མ། དེ་རྣམས་ཉི་མ། ཟླ་བ། སྒྲ་གཅན་སོགས་ཕན་ཚུན་གཅིག་གཅིག་ལ་སྦྱར་ནས་ངོས་འཛིན་པར་གསུངས་བ་དང་། དེ་ནི་ཕྱི་དུས་ཀྱི་ཉི་འཛིན་དང་ཟླ་འཛིན་བྱུང་བའི་སྐབས་སུ་མིའི་ནང་སེམས་ཀྱི་རོ་རྐྱང་དབུ་གསུམ་ལ་འབྲེལ་ཡོད་པར་གསུངས། ཕྱི་དང་ནང་གཉིས་ཀ་ཕན་ཚུན་འབྲེལ་བ་དམ་པོར་ཆགས་པས་ཕྱིར་ན་དགེ་བའི་འགྱུར་ཡང་ཆེ་བར་གསུངས།


དགེ་བའི་འགྱུར་ཆེ་བ་སོགས་ལ་ཁུངས་ལྡན་དང་བཅས་པ་ཡིན་ཏེ་བསྒྲུབས་པ་ནི།


དེ་ལ་རིགས་ལྡན་ཉེར་ལྔའི་ཐོག་མ་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པའི་བསྡུས་རྒྱུད་དང་རིགས་ལྡན་ཉེར་ལྔའི་གཉིས་པ་བསྡུས་རྒྱུད་ཀྱི་རྒྱ་ཆེར་བཤད་པ་འགྲེལ་ཆེན་དྲི་མེད་འོད་དང་། ཡང་ན་མཁས་གྲུབ་རྗེའི་རབ་བྱུང་བདུན་པའི་ཤིང་སྟག་ལོར་མཛད་པས་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་སྔོན་བྱུང་མཁས་པ་དག་གི་གསུངས་བས་ལུང་དང་རིག་པའི་ཁུངས་དང་བཅས་པ་ཡིན་ནོ། །


དགེ་བའི་འགྱུར་སྟོབས།


༈ ཉིན་རེས་གཟའ་ཟླ་བ་ཉི་སྐར་ལྷ་མཚམས། འདི་དུས་དགེ་བའི་འགྱུར་སྟོབས་ནི། །དུས་བཟང་དཀྱུས་རྣམས་བརྒྱ་འགྱུར་ལ། །ཟླ་འཛིན་བྱེ་བ་བདུན་འགྱུར་དང་། །ཉི་འཛིན་བྱེ་བ་འབུམ་འགྱུར་དུ། །རྒྱལ་བའི་གསུང་རབ་མཐའ་ཀླས་པར། །རྒྱལ་པར་གསུང་བཞིན་དོན་མཐུན་ཅིང་། །ཁྱད་པར་ཉི་ཟླའི་མདོ་ལ་སོགས། །དྲང་དོན་གསུང་རབ་རྣམས་ནས་གསུངས། །ངེས་དོན་བཅོམ་ལྡན་དུས་འཁོར་ལོར། །ཉི་འཛིན་རོ་རྐྱང་རླུང་གཉིས་དང་། །ཟླ་འཛིན་རྐྱང་མ་དྷཱུ་ཏཱི་རུ། །ཚུད་དུས་བསྐྱེད་རྫོགས་བདག་འཇུག་སོགས། །རྣམ་དཀར་དགེ་འཕེལ་འགྱུར་ཁྱད་ཀྱང་། །དེ་དབང་ཡིན་པ་དོན་དམ་གསུངས། །དེ་བཞིན་མི་དགེའི་ལས་རྣམས་ཀྱང་། །འཕེལ་འགྱུར་བཀའ་བསྟན་གཞུང་རྣམས་ལས། །གསུང་ཕྱིར་བག་དང་ལྡན་པར་བྱ། །འདི་ནི་བོད་རབ་གནས་ལྕགས་བྱི་ལོའི་ལོ་ཐོ་ལས་ཁོལ་དུ་བྱུང་བའོ། །

༈ རྣམ་དཀར་ལེགས་ཚོགས་དགེ་བའི་ཕན་བདེ་ཀུན། །

སྟོན་པས་གསུངས་བའི་སྨོན་ལམ་བཞིན་དུ་སྨོན། །

ཞེས་པ་འདི་ནི་བོད་ཟླ་བཅུའམ་འཇམ་མགོན་བློ་བཟང་གྲགས་པ་དང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས་འདུལ་འཛིན་ཕྱི་མ་ཁ་ཅིག་གིས་ལོ་འགོ་འཛིན་པའི་དུས་ཚིགས་ཀྱི་ཟླ་བའི་ཚེས་ཉེར་དགུའི་དུས་སྲོད་འཁོར་ཕག་གི་སྐབས་སུ་པདྨ་རྡོ་རྗེ་ནས་གྲུབ་པ་དགེ་ལེགས་སུ་གྱུར་ཅིག ཛ་ཡ་ཛ་ཡ་བི་ཛ་ཡནྟུ།

5561697171897_.pic.jpg