བུ་ཕྲུག་གསོ་སྐྱོང་གི་ཐབས་ལམ་བསྡུས་བཤད།101
发表时间:2023-10-16 21:00 དོ་དམ་པའི་སྦྲེལ་གནས། A1530168182 gdnb7888 བུ་ཕྲུག་གསོ་སྐྱོང་གི་ཐབས་ལམ་བསྡུས་བཤད། དེ་ཡང་སྤྱིར་བྱིས་པ་བཙས་ནས་ཟླ་ངོ་གསུམ་བཞི་ཙམ་འགོར་རྗེས་མིག་མདུན་དང་རྣ་ལམ་དུ་ཆེས་དྭངས་གཙང་གི་སྒྲ་གཟུགས་ལེགས་པོ་རེ་འཇོག་ཅི་ཐུབ་བྱེད་རྒྱུ་ལས་དེང་སྐབས་ཆ་འཕྲིན་ལས་མཆེད་པའི་མི་ལེགས་པའི་སྣང་བརྙན་དང་། ཡང་ན་ཁྱིམ་ཚང་སྒེར་གྱི་རྩོད་ཉོག་གང་རུང་ལ་མྱོང་རོལ་བྱེད་དུ་མི་འཇུག་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ། རྒྱུ་མཚན་གཟུགས་ལྡན་ཚོར་ལྡན་གྱི་མི་ཧྲིལ་བོ་ཞིག་ཏུ་ཆགས་པ་ནས་བཟུང་དེར་བག་ཆགས་དང་གོམས་ལོབས་ཞེས་པ་ཞིག་ཅིས་ཀྱང་ཡོད་ངེས་ཏེ་རྒྱུ་མཚན་རྣམ་ཤེས་ནི་གང་ཟག་མྱོང་རོལ་བྱེད་པའི་མ་ལག་གལ་ཆེན་ཞིག་ཡིན་པས་སོ། །ད་དུང་བྱིས་པའི་དུས་ནི་ཆེས་དྭངས་གཙང་ལྷད་མེད་ཀྱི་ན་ཚོད་ཅིག་ཡིན་ལ། དེར་འགྱུར་བ་འགྲོ་བར་ཡང་ཤིན་ཏུ་ལས་སླ་མོ་ཞིག་ཡིན། སྲིད་པ་བོད་ཀྱི་བཤད་སྲོལ་དུ་༼ ཤིང་རློན་པའི་དུས་སུ་མ་ཁུག་ན། སྲ་མོར་ཆགས་དུས་བཀུག་རྒྱུ་དཀའ་ཟེར། ༽ དེ་ལས་ཀྱང་མང་པོ་ཞིག་གོ་ཐུབ་སྟེ། ཕ་མ་སུ་ཡིན་ཡང་། རང་ཉིད་ཀྱི་བྱིས་པར་འགྲོ་སྟངས་འདུག་སྟངས་དང་། བཤད་སྟངས་རྩེད་སྟངས་ཀྱི་ཐད་དུ་གོམས་གཤིས་ལེགས་པོ་བརྒྱུད་སྤྲོད་བྱས་ན་ལེགས་པར་སེམས། མ་ཟད་དུས་རབས་ཉེར་གཅིག་པའི་ཕ་མ་སུ་ཡིན་ཡང་ཕལ་ཆེར་ཡི་གེ་ངོས་མི་ཟིན་པ་ཉུང་བས། ཤིན་ཏུ་རབ་ན་ཕ་མ་རང་ཉིད་ཀྱང་དཔེ་ཀློག་ལ་ཞུགས་ཏེ་བྱིས་པ་གསོ་སྐྱོང་བྱེད་ཐུབ་ན་དེ་བས་ལེགས་སོ། །ཡང་གཅིག་བཤད་ན་དུས་ཚོད་སྤྱད་དེ་《 ཡ་ཧུ་དཱ་པའི་བྱིས་པའི་སློབ་གསོའི་མན་ངག་ལ 》ཞིབ་མཇལ་གནང་སྟེ་རང་ཉིད་ཀྱི་བྱིས་པ་གཞན་ལས་འོད་སྟོང་ལྡན་ཞིང་ཀུན་སྤྱོད་ཁྱད་དུ་འཕགས་པ་ཞིག་གསོ་སྐྱོང་ལ་འབད་ཐུབ་ན་ཤིན་ཏུ་ལེགས་སོ། །
དེ་ཡང་རིམ་འགྱུར་ཞིག་སྟེ་ན་གཞོན་གྱི་དུས་དེ་མྱུ་གུ་ཞིག་ལ་དཔེ་དྲངས་ཏེ་བཤད་ན་ཤིན་ཏུ་མཚར་སྡུག་ལྡན་པའི་ན་ཚོད་ཅིག་ཡིན། རྒྱུ་མཚན་ན་གཞོན་གྱི་དུས་ནི་སྨིན་ཐག་ཆོད་མེད་པའི་མེ་ཏོག་ཅིག་སྟེ་དེར་ཚད་དང་རན་པའི་རླན་གཤེར་དང་དྲོད་སྣང་མཁོ་བ་ནི་ཆོས་ཉིད་དུ་གྲུབ་ཡོད། འོ་ན་ན་གཞོན་སྐྱོང་ཐབས་ཞེས་པ་ནི་ག་འདྲ་ཞིག་ཡིན་ཟེར་ན་ངས་ཕྱོགས་གསུམ་ནས་འདིར་འགྲེལ་བཤད་རྒྱག་དགོས་ཡོད་དེ། ༼ ༡ ༽ ཕྱིའི་ཀུན་སྤྱོད་བག་ཡོད་ཚུལ་དང་ལྡན་ལ་འགྱུར་བ་ཆུང་བ། ༼ ༢ ༽ ནང་སེམས་རྒྱུད་དྲང་ཞིང་གཡོ་ཟོལ་དང་བཅོས་མའི་ཆ་མེད་པ། ༼ ༣ ༽ སྐད་ཆའི་ལྕི་ཡང་ལ་བདག་པོ་ཐུབ་ཅིང་གཞན་ལ་ཀུ་ཡངས་ཡོད་པ། དེ་ལྟ་བུའི་རང་གཤིས་རྣལ་མ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ། སྒོས་སུ་ན་གཞོན་གསོ་སྐྱོང་ནི་དེང་སྐབས་སློབ་གྲྭའི་སློབ་གསོར་ཁ་འབྲལ་ཐབས་མེད་པ་ཞིག་ཏུའང་ཆགས་འདུག་ཅིང་། དེང་སྐབས་ཀྱི་མཁས་པ་མང་པོ་ཞིག་གིས་ཀྱང་ན་གཞོན་གྱི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་ཡིན་ལ། སློབ་གྲྭའི་སློབ་གསོའི་རྒྱུ་སྤུས་ནི་ན་གཞོན་གྱི་སློབ་གསོས་གཞལ་དགོས་ཀྱི་ཡོད་པས་ཡུལ་ནས་ཕ་མ་དང་སློབ་ར་ནས་སློབ་གྲྭས་ཧུར་ཐག་བྱེད་དགོས་ཞེས་གསུངས་ཚར་ཡོད། མ་གཏོགས་མ་འོངས་པར་སློབ་མ་གང་ཞིག་སྤྱི་ཚོགས་ཀྱི་ལས་རིགས་ག་གེ་མོར་ཞུགས་དུས་སློབ་གྲྭའི་སློབ་གསོའི་ཟབ་ཚད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་ཤིང་། ལེགས་ཉེས་གང་རུང་གི་བླང་དོར་གྱི་ཆ་ནི་སློབ་མའི་བྱང་ཚད་ལྟ་བུ་ཞིག་ཏུ་ཀུན་གྱིས་གོ་བ་བླངས་འགྲོའོ། །དེའི་རྐྱེན་གྱིས་སློབ་མའི་དུས་སུ་ང་ཚོ་སུ་ཡིན་ཡང་རང་ཉིད་གཅེས་འཛིན་བྱས་ཏེ་མ་འོངས་པར་ལམ་རྒྱག་ཡག་པོ་ཞིག་གསོག་འཇོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་དེར་དོ་སྣང་བྱེད་རྒྱུ་ཡང་ལས་འགན་དང་པོར་བཞག་ན་འགྲིག་པར་འདོད།
བརྩམས་ཆོས་འདི་ནི་སློབ་གསོའི་མ་ལག་འཐུས་ཚང་ལས་དྲངས་པ་མིན་ཡང་ང་རང་ཉིད་སློབ་གྲྭར་འགྲིམས་པའི་ཉམས་མྱོང་དང་སྤྱི་ཚོགས་དངོས་ལ་ཞུགས་པའི་ལྟ་ཚུལ་ཅུང་རགས་བརྗོད་བྱས་པ་ཡིན་པས། ཀློག་པ་པོ་རྣམས་ཀྱིས་འདིར་དག་ཐེར་དང་འཕྲི་སྣོན་འོས་འཚམས་རེ་བྱེད་པར་སྐུ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
|